སྡེ་ཚན་གསུམ་གྱིས་མཉམ་དུ་བརྡ་ཐོ་བཏང་ནས་བླང་བྱ་བཏོན་པ།
“བརྒྱད་གཅིག”རིང་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་99འཁོར་ཉེའི་མཚམས་སུ་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ་དང་། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ། རྒྱལ་ཡོངས་གཉིས་བཀུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་བཅས་ཀྱིས་མཉམ་དུ་བརྡ་ཐོ་བཏང་སྟེ། ས་གནས་ཁག་དང་དཔུང་སྡེ་ཁག་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་གཅེས་དམག་བཀུར་དང་དམངས་གཅེས་སྐྱེས་འབུལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། “བརྒྱད་གཅིག”རིང་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། སྲ་ཞིང་བརྟན་པའི་དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་སྟོབས་ཆེན་དང་དམག་དཔུང་སྟོབས་ཆེན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་བླང་བྱ་བཏོན་པ་རེད།
བརྡ་ཐོའི་ནང་བསྟན་དོན། ས་གནས་ཁག་དང་དཔུང་སྡེ་ཁག་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་གོ་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་སྐབས་དང་བསྟུན་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཉིས་བཀུར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱ་ཆེའི་དམག་དམངས་ལ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས། དམག་དཔུང་དང་ས་གནས་སུ་འཚམས་འདྲིར་སྐྱོད་པ་དང་རིག་རྩལ་འཁྲབ་སྟོན་བྱེད་པ་སོགས་དམག་དམངས་མཐུན་འབྲེལ་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ཏེ“དུས་རབས་གསར་པའི་གསར་བརྗེའི་དམག་མི་ཡག་ཤོས”དང“དམག་བཀུར་མི་སྣ་ཡག་ཤོས”སོགས་ཚོགས་སྤྱིའི་སྔོན་ཐོན་མཛད་རྗེས་དྲིལ་བསྒྲགས་ཤུགས་ཆེན་དང་། ཡུལ་བབ་དང་བསྟུན་ནས་གཉིས་བཀུར་སྤྱི་ཕན་བརྡ་ཁྱབ་དང་བརྙན་ཐུང་ཁྱབ་བསྒྲགས། “རྒྱང་སྐྱོད་ལམ་བུའི་ཐོག་གི་དམག་དམངས་དབར་གྱི་བརྩེ་སེམས”ཞེས་པའི་གཉིས་བཀུར་དྲིལ་བསྒྲགས་བྱེད་སྒོ་སྒྲིག་འཛུགས་ཏན་ཏིག་གིས་དུས་ཆེན་གྱི་གཉིས་བཀུར་རྣམ་པ་གཏོད་པ་བཅས་བྱས་ཏེ། རང་རེའི་མི་དམངས་ལ་དགའ་ཞེན་དང་རང་རེའི་དམག་དཔུང་ལ་དགའ་ཞེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་ཟབ་ཏུ་གཏོང་དགོས།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་གནས་ཁག་དང་སྡེ་ཚན་ཁག་གིས་དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་རམ་འདེགས་བྱེད་པར་དམིགས་ཏེ། དམག་གྲབས་སྦྱོང་བརྡར་དང་འཛུགས་སྐྲུན་སྒྱུར་བཅོས་ཁྲོད་དམག་དཔུང་ལ་འཕྲད་པའི་དཀའ་ངལ་དངོས་རང་འགུལ་ངང་ཤེས་རྟོགས་ཧུར་ཐག་བྱེད་པ་དང་ཆབས་ཅིག དམིགས་ས་ཡོད་པའི་སྒོ་ནས་ཞིབ་འཇུག་བྱས་ཏེ་དཀའ་ངལ་ཐག་གཅོད་བྱེད་པའི་ཐབས་ཤེས་འདོན་དགོས། དམག་བཀུར་གཡུལ་སྐྱོར་གྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། དཔུང་སྡེའི་མཉམ་འབྲེལ་ནང་སྦྱོང་དང་དམག་སྦྱོང་། ཁོངས་སྒྲོལ་འཕྲལ་སྒྲུབ། མཚོ་ཐོག་དབང་སྲུང་སོགས་ཀྱི་དམག་དོན་ལས་འགན་ལ་དམིགས་ཏེ། ས་གནས་ཀྱི་སྒྲིག་བཀོད་དང་། འགྲིམ་འགྲུལ་འཕྲིན་གཏོང་། འབྲུ་སྣུམ་ཆུ་གློག བདེ་འཇགས་ཉེན་ཟོན་སོགས་འགན་ལེན་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་ཆབས་ཅིག དམག་དོན་སྒྲིག་བཀོད་སྲུང་སྐྱོང་དང་མང་ཚོགས་ཀྱི་གྱོང་གུན་སྐྱིན་གསབ་སོགས་ཀྱི་ལས་དོན་ལ་གཞོགས་འདེགས་ཡག་པོ་བྱས་ནས་དཔུང་སྡེས་དམག་སྦྱོང་དམག་གྲབས་བྱེད་པར་ཆ་རྐྱེན་ཡག་པོ་བསྐྲུན་དགོས། མཐའ་སྲུང་དང་མཚོ་སྲུང་ལས་འགན་གྱི་འཐབ་ས་དང་པོ་མངོན་གསལ་དོད་དུ་གཏོང་བ་དང་དམག་བཀུར་ཁྱིམ་སྐྱོང་གི་ཆེད་དོན་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། དཔུང་སྡེར་བྱ་བ་དངོས་སྒྲུབ་རོགས་དང་དཀའ་གནད་སེལ་རོགས་ཧུར་ཐག་བྱས་ནས་རྒྱ་ཆེའི་དཔོན་དམག་ལ་བློ་གཅིག་སེམས་གཅིག་གིས་རྒྱལ་སྲུང་མཐའ་སྲུང་དང་དམག་གྲབས་གཡུལ་འགྱེད་བྱེད་པར་སྐུལ་ལྕག་གཏོང་དགོས།
བརྡ་ཐོའི་ནང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་དམག་བཀུར་ཁྱིམ་སྐྱོང་གི་སྲིད་ཇུས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་སྟེ། དམག་མིའི་གནས་བབ་དང་ཁེ་དབང་འགན་ལེན་བཅའ་ཁྲིམས་དང་། དམག་ཞབས་ཐིམ་པའི་དམག་མིའི་འགན་ལེན་བཅའ་ཁྲིམས། དམག་མིའི་འཆི་གོད་གྱོང་གསབ་གཟིགས་སྐྱོང་སྲོལ་ཡིག་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་དམག་མི་དང་དམག་མིའི་ནང་མི་དང་། དམག་ཞབས་ཐིམ་པའི་དམག་མི། གཟིགས་སྐྱོང་བྱ་ཡུལ་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་ནུས་ལྡན་བྱེད་དགོས། རེས་སྐོར་གསར་པའི་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གཏོད་པ་དང་ཟུང་འབྲེལ་བྱས་ཏེ། དམག་ཞབས་ཐིམ་རྗེས་བཀོད་སྒྲིག་དང་། ནང་མི་ལས་ཞུགས། བུ་ཕྲུག་སློབ་ཞུགས། དམག་མིའི་ཕ་མའི་རྒན་གསོའི་ཞབས་ཞུ་སོགས་དམག་བཀུར་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་དཔོན་དམག་ཁག་གཅིག་གི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་གཅིག་སྡུད་ཐོག་སེལ་དགོས། “བྱས་པ་ཅན་ལ་གཅེས་སེམས་མཚོན་པར་བྱེད”དང“གཉིས་བཀུར་བྱ་སྤྱོད་གཞི་རིམ་ཡུལ་དུ་སྤེལ”ཞེས་པའི་བྱེད་སྒོ་རྒྱ་ཁྱབ་སྤེལ་ཏེ། ཕ་ཡུལ་དུ་ཡོད་པའི་དམར་དམག་གི་འཐབ་འཛིང་པ་རྒན་གྲས་དང་། དམག་ཞབས་ཐིམ་པའི་དམག་མི་རྒན་གྲས། སྔོན་གཤེགས་དཔའ་བོའི་ནང་མི་སོགས་ལ་འཚམས་འདྲི་བྱེད་པ་དང་། ཁོང་ཚོར་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
འབྲེལ་ཡོད་གསར་འགྱུར།