དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ན་གཞོན་འགོ་ཁྲིད་པས་ཀྲུང་གོར་ལྟ་སྐོར་འཚམས་འདྲི་བྱས་པའི་མྱོང་ཚོར།

    “དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ངེས་པར་དུ་མི་དམངས་ལྟེ་བར་འཛིན་དགོས”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-26

    འདི་ནི་རྟོག་ཞིབ་ཚོགས་པའི་ཁོངས་མིས་ཀྲེ་ཅང་དབྱི་ཝུའུ་གོ་ལ་ཧྲིལ་པོའི་གྲངས་འཛིན་ཉོ་ཚོང་ལྟེ་གནས་སུ་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་རྟོག་ཞིབ་ཚོགས་པའི་ཁོངས་མིས་ཀྲེ་ཅང་དབྱི་ཝུའུ་རུ་གནས་པའི་ཀྲུང་ཧྥེའི་ཐོག་བརྩེགས་ཁང་ཆེན་དུ་ཐོན་རྫས་འགྲེམས་ཁང་ལ་ལྟ་སྐོར་བྱེད་བཞིན་པ། (འདི་ག་ཚགས་པར་གྱི་གསར་འགོད་པ་ལིའུ་ཅུན་གོ་ཡིས་པར་བརྒྱབ)

    འདི་ནི་རྟོག་ཞིབ་ཚོགས་པའི་ཁོངས་མིས་ཀྲེ་ཅང་ཅིན་ཧྭ་ལས་རིགས་ལག་རྩལ་སློབ་ཆེན་གྱི་ལོ་རྒྱུས་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་རྟོག་ཞིབ་ཚོགས་པའི་ཁོངས་མིས་ཀྲེ་ཅང་ཅིན་ཧྭ་ལས་རིགས་ལག་རྩལ་སློབ་ཆེན་གྱི་བཟོ་ལས་འཕྲུལ་མིའི་དངོས་སྦྱོང་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་རྟོག་ཞིབ་ཚོགས་པའི་ཁོངས་མིས་ཀྲེ་ཅང་ཅིན་ཧྭ་ལས་རིགས་ལག་རྩལ་སློབ་ཆེན་དུ་མི་མེད་གནམ་གྲུའི་སྐྱེལ་འདྲེན་ལག་རྩལ་བཀོལ་སྤྱོད་བྱེད་བཞིན་པ།

    འདི་ནི་རྟོག་ཞིབ་ཚོགས་པའི་ཁོངས་མིས་ཀྲེ་ཅང་དབྱི་ཝུའུ་བཟོ་ཚོང་ལས་རིགས་ལག་རྩལ་སློབ་གླིང་གི་གྲངས་འཛིན་ཚོང་དོན་དངོས་སྦྱོང་རྟེན་གཞིར་རྒྱལ་སྒྲོལ་དྲ་ཚོང་གི་ཐད་གཏོང་དང་སྤྱི་ཚོགས་འབྲེལ་ལམ་སྨྱན་སྦྱོར་ཚོང་གཉེར་བྱེད་སྟངས་ལ་ལྟ་སྐོར་བྱེད་བཞིན་པ། (པར་ངོས་འདིའི་མིང་བཀོད་པའི་པར་རིས་ཕུད། དེ་མིན་ཚང་མ་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུས་མཁོ་འདོན་བྱས)

    ཉེ་ཆར། ཨ་ཧྥེ་རི་ཁའི་རྒྱལ་ཁབ་16དང་སྲིད་ཏང་21ནས་ཡོང་བའི་ན་གཞོན་འགོ་ཁྲིད་པ་21ཀྲེ་ཅང་དང་པེ་ཅིང་དུ་སྔ་རྗེས་སུ་འཚམས་འདྲིར་ཡོང་བ་རེད། ཁོང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གསོན་ཉམས་དོད་པའི་ལག་ལེན་ཁྲོད་ནས་འཕོ་འགྱུར་ཤེས་རྟོགས་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ཕན་ཚུན་དཔྱད་གཞིར་འཛིན་རིང་བློ་སྒོ་འབྱེད་པ། སྣ་མང་རིག་གནས་མཉམ་འགུལ་བྱེད་རིང་མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་དེང་རབས་ཅན་གྱི་འགྲོ་ལམ་ཞིག་འཚོལ་ཞིབ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

    “དབྱི་ཝུའུ་གྲོང་ཁྱེར་གྱི་འཕེལ་རྒྱས་ལས་ཀྲུང་གོའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་མཐོང་ཐུབ”

    ན་སྨི་པི་ཡའི་མི་དམངས་རྩ་འཛུགས་ཏང་གཞོན་ནུ་ཚོགས་པའི་ཀྲུང་དབྱང་ཨུ་ཡོན་དང་ཁ་དབན་ཀེ་ཤིས་ཞིང་ཆེན་གྱི་ཧྲུའུ་ཅི་ཨེན་ཀེ་པོ་སི·ཁ་ཧྥན་ཐེའི་བག་ཆགས་ནང་གྲོང་གསེབ་ནི་ཡུག་འབྲེལ་གྱི་ཞིང་ཁ་དང་དཀའ་ཚེགས་ཆེ་བའི་སོ་ནམ་ལས་ཀ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཀྲེ་ཅང་ཞིང་ཆེན་དབྱི་ཝུའུ་གྲོང་ཁྱེར་ཧོའུ་ཀྲའེ་ཁྲོམ་གཞུང་ལི་ཙུའུ་གྲོང་ཚོའི་མིག་མདུན་གྱི་རྣམ་པས་ཁོང་གི་ཐོག་མའི་ངེས་ཤེས་ལ་འགྱུར་ལྡོག་བྱུང་ཡོད། ཁ་ཧྥན་ཐེ་ཡིས“འདི་གར་ལམ་བུ་གཙང་ལ་གྲལ་འགྲིག་པ་དང་སྤྱི་པའི་བར་མཐོངས་ཉམས་དགའ་བ་ཞིག་ཡོད་པ་མ་ཟད། ད་དུང་ཡུལ་སྐོར་བས་གྲོང་ཚོར་ཡུལ་སྐོར་བྱེད་པ་དང་། གྲོང་གསེབ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཡག་པོ་མངོན་བཞིན་ཡོད། དེ་བཞིན་འདི་གའི་དེང་རབས་ཅན་གྱི་ཆུ་ཚད་ལྡན་པའི་གྲོང་ཁྱེར་དང་འདྲ་པོ་འདུག”ཅེས་བརྗོད།

    ཀྲེ་ཅང་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་གྲོང་དུ་འཐུས་མི་ཚོགས་པའི་ཁོངས་མིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གཞན་ཞིག་མཐོང་ཡོད། ཚོང་ཟོག་སྣ་ཚོགས་དང་། མཁོ་སྤྲོད་འཁོར་འབྲེལ་བརྟན་པོ། ཁྲོམ་རའི་མ་ལག་ཚགས་ཚུད་པ། གོ་ལ་ཧྲིལ་པོར་ཕྱོགས་པའི་ཕྱིར་འཚོང་དྲ་རྒྱ་བཅས་མཐོང་སྐབས་འཐུས་མི་ཚོགས་པའི་ཁོངས་མི་ཚོས་དེ་དག་གི་སྐོར་ལ་བཅར་འདྲི་ཡང་ཡང་བྱས་པ་རེད། རུ་ཝང་ཏའི་རྒྱལ་ཡོངས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཨར་པོ་ཐེ·མུའུ་ཡ་པུའུ་ཅིན་ཀེ་ཡིས་དབྱི་ཝུའུ་ཡི་ཚོང་ཟོག་ལ་རྒྱུས་མངའ་ཡོད་ཅིང་། “རུ་ཝང་ཏའི་རང་ས་ནས་ཐོན་པའི་ཚོང་ཟོག་ལ་ཚད་བཀག་ཡོད་པས། མང་ཆེ་བ་ནང་འདྲེན་བྱེད་ཀྱི་ཡོད། དབྱི་ཝུའུ་ཡི་ཚོང་ཟོག་ནི་རུ་ཝང་ཏའི་ཁྲོམ་རར་རྒྱུན་དུ་མཐོང་རྒྱུ་ཡོད། རུ་ཝང་ཏའི་ངོས་ནས་བརྗོད་ན། དབྱི་ཝུའུ་ཡིས་མཁོ་འདོན་བྱས་པ་ནི་ཚོང་ཟོག་གི་ཡོང་ཁུངས་ཁོ་ན་མིན་པར་གོ་ལ་ཧྲིལ་པོའི་ཁྲོམ་རར་ཕྱོགས་པའི་ཚོང་ཟོག་བཀོད་སྒྲིག་དང་ཚོང་ཤག་ལ་ཞབས་འདེགས་ཞུ་བའི་ནུས་པ་ཞིག་རེད”ཅེས་ཁོང་གིས་རང་འགུལ་ངང་ཚོང་ཁང་ཞིག་དང་འབྲེལ་མཐུད་བྱས་ཏེ་ཚོང་ཟོག་རུ་ཝང་ཏར་ཕྱིར་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།

    “དབྱི་ཝུའུ་ཡི་རིན་ཐང་ནི་ཚོང་ཟོག་སྣ་ཁ་འབེལ་བ་དང་། རིན་གོང་ལུགས་མཐུན། གོ་ལ་ཧྲིལ་པོར་ཤར་གཏོང་ཐུབ་པའི་ཕྱིར་འཚོང་དྲ་རྒྱ་བཅས་ལ་རག་ལུས་པ་མ་ཟད། དེས་མི་མང་པོར་ལས་ཞུགས་ལས་གཏོད་ཀྱི་གོ་སྐབས་གཏོད་པ་དང་། ཁྱིམ་ཚང་དེ་བས་མང་བས་ཚོང་དོན་གཉེར་སྐྱོང་བརྒྱུད་འཚོ་བ་ལེགས་སུ་གཏོང་ཐུབ་པར་རག་ལུས་ཡོད། ས་ཆ་འདི་ནི་ཉོ་ཚོང་བྱ་ཡུལ་ཙམ་མིན་པར་ཐོན་སྐྱེད་དང་། ཉོ་སྒྲུབ། ཟོག་འགྲུལ། ཕྱིར་གཏོང་། ལས་ཞུགས་བཅས་འབྲེལ་མཐུད་ཀྱི་མ་ལག་འཐུས་ཚང་ཞིག་ཡིན་ལ། མི་ཕལ་པས་ལས་སྒྲུབ་ལས་གཏོད་དང་འཚོ་བར་འགྱུར་ལྡོག་གཏོང་བར་རེ་བ་སྦྱིན་ས་ཞིག་ཀྱང་རེད”ཅེས་ཐན་ཙན་ནི་ཡའི་གསར་བརྗེ་ཏང་གཞོན་ནུ་སྡེ་ཚོགས་སློབ་གྲྭའི་སློབ་སྤྱི་མུའུ་ཙེ·ཤིས་ལ་ཆིས་ངོས་འཛིན་བྱས་ཡོད།

    “སྲིད་ཏང་གི་རང་འགུལ་བྱ་སྤྱོད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་ལ་སྒྱུར་ཆོག”

    སྟོབས་ཤུགས་གང་ཞིག་ལས་ལི་ཙུའུ་གྲོང་ཚོའི་འཕོ་འགྱུར་དང་དབྱི་ཝུའུ་ཡི་འཕེལ་རྒྱས་ཀྱི་གྲུབ་འབྲས་བྱུང་བ་ཡིན་ནམ། ཙན་པི་ཡའི་རྒྱལ་ཁབ་འཕེལ་རྒྱས་མཉམ་འབྲེལ་ཏང་རྒྱལ་ཡོངས་དོ་དམ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧྥུའུ་ལང་ཤིས་སི·མུའུ་དབན་པཱ་ཡིས། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་ཡང་ན་གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་བྱ་རྒྱུ་གང་ཡིན་རུང་། གང་ལྟར་ཚང་མ་སྲིད་འཛིན་ཏང་གི་རང་འགུལ་བྱ་སྤྱོད་དང་ཁ་འབྲལ་ཐབས་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད། མུའུ་དབན་པཱ་ཡིས“ཨ་ཧྥེ་རི་ཁའི་རྒྱལ་ཁབ་མི་ཉུང་བ་ཞིག་གི་ངོས་ནས་བརྗོད་ན། ཇི་ལྟར་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཚོང་དོན་མ་གནས་དམའ་རུ་གཏོང་བ། ལས་ཕྱོད་ཆེ་རུ་གཏོང་བ། གྲོང་མིའི་འཚོ་བའི་ཆུ་ཚད་ལེགས་སུ་གཏོང་བ་བཅས་ཚང་མ་ནི་རང་རྒྱལ་ཁབ་འཕེལ་རྒྱས་གཏོང་རིང་འཕྲད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད། ཀྲུང་གོའི་ཉམས་མྱོང་ལས་ང་ཚོས་སྲིད་ཏང་གི་རང་འགུལ་བྱ་སྤྱོད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་ལ་སྒྱུར་ཆོག་པ་རྟོགས་བྱུང”ཞེས་བཤད།

    ཀྲུང་གོ་གུང་ཁྲན་ཏང་གི་བཅོས་སྐྱོང་ལག་ལེན་ལས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ངེས་པར་དུ་མི་དམངས་ལྟེ་བར་འཛིན་དགོས་པ་མ་ཟད། རྒྱལ་ཁབ་འཕེལ་རྒྱས་ཀྱི་མདུན་ལམ་ཁྲོད་རྩ་བ་བརྟན་པོར་ཚུགས་དགོས་པའང་ར་སྤྲོད་ཐུབ་ཡོད”ཅེས་ཙམ་པབ་ཝེའི་ཨ་ཧྥེ་རི་ཁ་མི་རིགས་མནའ་འབྲེལ—རྒྱལ་གཅེས་འཐབ་ཕྱོགས་བཅའ་ཁྲིམས་ཅུས་ཀྱི་ཅུས་ཀྲང་ཨེན་ནུའོ་ཁེ·ཏ་མུའུ་པུའུ་ཙུའོ་ཡིས་བརྗོད་ཅིང་། ཁོང་གིས། དེང་རབས་ཅན་དེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཚན་རིག་ལག་རྩལ་འཕེལ་རྒྱས་དང་འབྲེལ་བ་ཡོད་ལ། མི་དམངས་ལ་གོ་སྐབས་བསྐྲུན་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གསར་གཏོད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་དེ་བས་ཀྱང་ཐུག་ཡོད་ཅེས་དང་། “ད་ཐེངས་ཀྱི་རྟོག་ཞིབ་བྱེད་རིང་ངས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཇི་ལྟར་བྱས་ཏེ་རྒྱལ་ཁབ་ཀྱི་ལག་ལེན་དུ་འགྱུར་བ་མཐོང་བྱུང་ལ། སྲིད་ཏང་ཞིག་གིས་ཇི་ལྟར་བྱས་ཏེ་ཕུགས་ཀྱི་འཆར་འགོད་དང་སྙིང་རུས་གཏན་འཁྱོངས་ཀྱི་ལག་བསྟར་བྱེད་ནུས་བརྒྱུད་འཕེལ་རྒྱས་ཀྱི་འཆར་གཞི་དག་རེ་རེ་བཞིན་དོན་དངོས་སུ་འགྱུར་བའི་དཔང་པོའང་བྱ་རྒྱུ་བྱུང”ཞེས་བརྗོད།

    “ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་རང་རྒྱལ་ཁབ་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རང་ཉིད་ལ་འཚམ་པའི་དེང་རབས་ཅན་གྱི་ལམ་བུ་འཚོལ་ཞིབ་བྱེད་དགོས”

    “ཀྲུང་གོར་ད་ཆའི་རྒྱལ་སྤྱིའི་གནས་བབ་ཐོབ་པ་ནི་དྲག་ཤུགས་ངོམ་པའམ་ཡང་ན་རྒྱལ་ཁབ་གཞན་ལ་བརྙས་བཅོས་བྱས་པ་ལས་བྱུང་བ་ཞིག་མིན་པར་དཔལ་འབྱོར་རྒྱུན་མཐུད་འཕར་བ་དང་སྤྱི་ཚོགས་དར་རྒྱས་བརྟན་ལྷིང་ལས་བྱུང་བ་ཞིག་རེད”ཅེས་ཀག་ནའི་རྒྱལ་ཡོངས་དམངས་གཙོ་ཚོགས་ཆེན་ཏང་གི་སློབ་མའི་ལས་དོན་གྱི་ཧྲུའུ་ཅི་པའོ་ལུའོ·ཨ་མོ་ཏ་ཀེས་བརྗོད་པ་དང་། ཁོང་གིས“ཞི་བདེ་འཕེལ་རྒྱས་ཀྱི་ཀྲུང་གོས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ལས་དབང་སྐྱིད་སྡུག་མཉམ་མྱོང་དང་འབྱུང་འགྱུར་དམ་པོར་སྦྲེལ་ཡོད”ཅེས་བརྗོད།

    “ཨ་ཧྥེ་རི་ཁའི་འཕེལ་རྒྱས་ནི་ཀྲུང་གོ་དང་ཁ་འབྲལ་ཐབས་མེད”ཅེས་ནི་ཀྲེ་རི་ཡའི་ཕྱོགས་ཡོངས་ཡར་ཐོན་ཚོགས་ཆེན་གྱི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་རྒྱལ་ཡོངས་གཞོན་ནུའི་གཙོ་འཛིན་དབྱི་སི་རལ་གྱི་ཨ་པུའུ་ཏུའུ་ལཱ་དབྱི·ཨ་གཡོད་ཏི་ཅེས་བརྗོད་པ་དང་། ཁོང་གིས། ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་དང་པོ་དེ་ཡིན། ཀྲུང་གོའི་འཕེལ་རྒྱས་ལས་རང་ངོས་ཡར་རྒྱས་བྱུང་བ་མཚོན་པ་མ་ཟད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་གོ་སྐབས་ཀྱང་སྦྱིན་ཡོད། ཀྲུང་གོའི་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་ར་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ལས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་དེ་བས་སྟབས་བདེའི་ངང་རིན་གོང་ཁེ་བའི་ཚོང་ཟོག་སྣ་ཚོགས་རག་ཡོད། “ཀྲུང་གོས་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་དང་གོ་ལ་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ། ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་རམ་འདེགས་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད།

    “ཨ་ཧྥེ་རི་ཁའི་གཞོན་ནུ་ནི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དངོས་སྒྲུབ་མཉམ་ལས་ཀྱི་ཕན་པ་ཐོབ་མཁན་ཡིན་པ་མ་ཟད། ཨ་ཧྥེ་རི་ཁའི་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་མཁན་ཞིག་ཏུ་དེ་བས་འགྱུར་བར་བྱེད་དགོས”ཞེས་ལེ་པི་ལི་ཡའི་མཐུན་སྒྲིལ་ཏང་ས་གནས་གཞོན་ནུའི་ཀྲུའུ་ཞི་ཤེར་ཝེ་སི་ཐེ·དབང་ཕུའུ་ཡིས་བརྗོད་པ་དང་། ཁོང་གིས། ཨ་ཧྥེ་རི་ཁའི་ལག་རྩལ་ཆེ་མོ་བ་མང་པོ་ཞིག་དེ་སྔ་ཀྲུང་གོར་སློབ་སྦྱོང་བྱེད་པའམ་ཡང་ན་གསོ་སྦྱོང་དང་ལེན་བྱེད་མྱོང་ཡོད། “ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མིག་མཐོང་ལག་ཟིན་བྱུང་རྗེས་ཁོང་ཚོས་ཀྲུང་གོའི་ཉམས་མྱོང་མེས་རྒྱལ་དུ་འཁྱེར་ནས་ཕ་ཡུལ་འཛུགས་སྐྲུན་བྱ་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད”ཅེས་བརྗོད།

    “ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོ་ཞིག་གིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་རེ་བྱེད་ཀྱི་ཡོད”ཅེས་མུའུ་དབན་པཱ་ཡིས་བརྗོད་པ་དང་། ཁོང་གིས“ངས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་སྲིད་ཏང་དང་ཀྲུང་གོ་གུང་ཁྲན་ཏང་དབར་རྒྱུན་མཐུད་མཉམ་ལས་གཏིང་ཟབ་བྱས་ཏེ་སློབ་གསོ་དང་། རིག་གནས། ཚན་རྩལ། ཚོང་དོན། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་རྒྱུན་རྣམ་ཅན་གྱི་སྤེལ་རེས་ལ་བརྟེན་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ཐུན་མོང་ཐོག་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།