དཀའ་ཉེན་དུས་སུ་གདོང་མཆོང་བྱས། དམངས་ལ་བརྩེ་སེམས་ཟབ་མོ་བཅངས།
—— དིང་རིའི་ཡོམ་འགོག་གེགས་སེལ་གྱི་སྔོན་ཐོན་མཉམ་སྡེབ་བོད་ལྗོངས་ཐེན་ཧྲུན་ལམ་ཟམ་ལས་གྲྭ་ཚད་ཡོད་ཀུང་སིའི་གཞུང་ལམ་འཕྲལ་སྡོམ་ཉེན་སེལ་རུ་ཁག་གི་སྐོར་བཀོད་པ།
2025ལོའི་ཟླ་1ཚེས་7ཉིན། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ཅིང་། དེ་དུས་གནམ་གཤིས་གྲང་ངད་ཆེ་བའི་ཁར་ས་གཞི་དྲག་ཏུ་འགུལ་ནས་ཁང་ཁྱིམ་རྡིབ་པ་དང་འགྲོ་ལམ་ལ་ཞིག་སྐྱོན་བྱུང་སྟེ། སྔོན་ཆད་ལྷིང་འཇགས་ཀྱི་ཡུལ་ལུང་ལ་དེ་མ་ཉིད་དུ་ཉམས་ཆག་ཆེན་པོ་བྱུང་། དེ་ནས་ཡོམ་འཕྲོ་ཟམ་མི་ཆད་པར་བརྒྱབ་པར་བརྟེན། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་གནོད་འཚེར་འགོག་རྒོལ་གྱི་འགག་སྒྲོལ་དམག་འཐབ་ཅིག་རྒྱག་འགོ་ཚུགས།
ས་ཡོམ་བརྒྱབ་རྗེས། རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། དེ་བཞིན་འགྲིམ་འགྲུལ་འཕེལ་རྒྱས་ཚོགས་པ་བཅས་ཀྱི་གཅིག་གྱུར་བཀོད་སྒྲིག་འོག བོད་ལྗོངས་ཐེན་ཧྲུན་ལམ་ཟམ་ལས་གྲྭ་ཚད་ཡོད་ཀུང་སིས་འཕྲལ་མར་ཛ་དྲག་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་ཉེན་སེལ་མི་སྣ་85བསྐོངས་པ་དང་འཕྲུལ་ཆས་དང་སྒྲིག་ཆས་ཆ་ཚང་48བཀོད་སྒྲིག་བྱས་ཏེ་ཁག་ཐེངས་བགོས་ནས་ཡོམ་ཁུལ་དུ་བཤར། རུ་མི་ཡོངས་ཀྱིས་ལས་ཕྱོད་ཆེན་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོར་བརྟེན་ནས་ཡོམ་འགོག་གེགས་སེལ་གྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ་དང་། དངོས་སྒྲུབ་དང་བློ་རྩ་བརྟན་པོར་བརྟེན་ནས་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་ལག་བསྟར་གྱིས་དམངས་ལ་འཆང་བའི་བརྩེ་སེམས་མཚོན་པར་བྱས་ཡོད།
མཚན་མོ་དེ་རང་ལ་གེགས་ཁུལ་དུ་བསྐྱོད་ནས་རོགས་སྐྱོབ་ལམ་བུ་བཤངས་པ།
ས་ཡོམ་བརྒྱབ་པ་ལས་དིང་རི་རྫོང་ཁོངས་ཀྱི་ལམ་དུམ་མང་པོའི་རྩིག་རྨང་ཞིག་པ་དང་ལམ་ངོས་བརྡིབས་ནས་རྒྱལ་ལམ་219ཡི་གཞུང་ལམ་འགག་པས། མི་དང་དངོས་ཟོག་དབོར་བར་རྒྱལ་ལམ་318རྒྱུད་ནས་མ་གཏོགས་འགྲོ་ས་མེད་རྐྱེན་ལམ་ཧྲིལ་པོར་རླངས་འཁོར་གྱིས་འགག་སྟེ། ཉེན་སེལ་གེགས་སེལ་ལས་ཀའི་འཕེལ་རིམ་ལ་སྐྱོན་བརྒྱབ་ཡོད།
འགྲོ་ལམ་མགྱོགས་མྱུར་ཤར་གཏོང་ཐུབ་པར་བྱ་ཆེད། བོད་ལྗོངས་ཐེན་ཧྲུན་ལམ་ཟམ་ལས་གྲྭ་ཚད་ཡོད་ཀུང་སིའི་གཞུང་ལམ་འཕྲལ་སྡོམ་ཉེན་སེལ་རུ་ཁག་གིས་མགྱོགས་མྱུར་གནས་ཚུལ་ཐོན་ཡུལ་དུ་བསྐྱོད་ནས་གཞུང་ལམ་གྱི་ཉེན་སེལ་ཤར་གཏོང་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་མོད། འོན་ཀྱང་དེ་དུས་དགུན་ཁ་ཡིན་པས་གནམ་གཤིས་གྲང་བའི་ཁར་ལས་སྒྲུབ་ས་ཚིགས་ཀྱི་ས་བབ་མཐོ་བ་དང་དྲོད་ཚད་དམའ་བ་མ་ཟད། ཡོམ་འཕྲོ་མང་པོ་བརྒྱབ་པ་དང་རི་ནས་རྡོ་ཡང་སེ་ཟགས་པས། འགྲོ་ལམ་མྱུར་བཟོ་བྱེད་པར་དཀའ་ངལ་དུ་མ་འཕྲད་ཡོད།
ཁོར་ཡུག་དཀའ་ཚེགས་ཇི་ལྟར་ཆེ་ཡང་རུ་མི་ཚོས་སྔར་བཞིན་ལས་གནས་བརྟན་སྲུང་གིས་འགྲོ་ལམ་མྱུར་བཟོ་བྱས་ཤིང་། འཐབ་ས་དང་པོའི་ལས་སྒྲུབ་མི་སྣས་བརྟན་སྲུང་དང་བློས་གཏོང་བྱས་པ་ལས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་སེམས་འགུལ་ཆེན་པོ་ཐེབས་ཡོད།
དེས་ན་རིམ་ཁག་སྡེ་ཚན་གྱིས་དྲོད་སྲུང་དངོས་ཟོག་དང་འཚོ་བའི་མཁོ་ཆས་དུས་ཐོག་ཏུ་བསྡུ་རུབ་བྱས་ནས་ཉེན་སེལ་ས་ཚིགས་སུ་བསྐྱལ་བ་དང་། ཉེ་འཁོར་གྱི་ཡུལ་མི་ཚོས་ཀྱང་རང་འགུལ་ངང་ཤ་དང་། སྟབས་བདེའི་ཐུག་པ། བཏུང་བྱ་སོགས་ཉེན་སེལ་རུ་མི་ཚོར་བསྐྱལ་ཡོད། བབ་ཆགས་པའི་འཚམས་འདྲིའི་སྐད་ཆ་རེ་རེ་དང་སེམས་རྩ་འཁོལ་བའི་བསམ་པ་རེ་རེས་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་ཉེན་སེལ་རུ་མི་ཚང་མར་དྲོ་སྐྱིད་སྦྱིན་ཡོད།
སེམས་ནུས་གཅིག་སྒྲིལ་གྱིས་ཉེན་ཁའི་ཕྱོགས་སུ་བསྐྱོད་པ་དང་། ཕྱོགས་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་ལ་བརྟེན་ནས་ཉེན་སེལ་རུ་ཁག་གིས་མྱུར་བཟོའི་ཛ་དྲག་དུས་ཚོད་དམ་འཛིན་བྱས་ཏེ། འགྲོ་ལམ་ཉམས་བཟོ་དང་ལམ་གཞི་བརྟན་དུ་གཏོང་བ་སོགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།
རྒྱལ་ལམ་219སླར་གསོ་ཤར་གཏོང་ཐུབ་རྗེས། “རྒྱལ་ལམ་219ནས་འཛུལ་འོང་བ་དང་རྒྱལ་ལམ་318ནས་ཐོན་འགྲོ་བའི”ཕྱོགས་གཉིས་སྐྱེལ་འདྲེན་འགྲོ་ལམ་ཞིག་ཆགས་ནས་གེགས་སེལ་དངོས་ཟོག་དང་། རོགས་སྐྱོབ་མི་སྣ། སྒྲིག་ཆས་བཅས་བརྒྱུད་འདྲེན་གྱི་ལས་ཕྱོད་ཆེ་རུ་ནུས་ལྡན་ཕྱིན་ཏེ། ས་ཁོངས་ཧྲིལ་པོའི་ཉེན་སེལ་རོགས་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པར་གདང་ངེས་ཀྱི་དུས་ཚོད་བྱུང་ཡོད།
ཉིན་མཚན་དབྱེར་མེད་འགག་སྒྲོལ་བྱས་ནས་དྲོ་སྐྱིད་ལྡན་པའི་སྡོད་ཁང་བསྐྲུན་པ།
ས་ཡོམ་བརྒྱབ་རྗེས་བོད་ལྗོངས་ཐེན་ཧྲུན་ལམ་ཟམ་ལས་གྲྭ་ཚད་ཡོད་ཀུང་སིས་འཕྲལ་མར་འབོད་སྐུལ་དང་ལེན་ཞུས་ཤིང་སྒོར་ཁྲི་24.3བཏང་ནས་མྱུར་སྐྱོབ་ཁུག་མ་དང་གློག་གསོག་འབོ་སོགས་ཉོས་པ་མ་ཟད། ཆུ་ཚོད་48ནང་ཚུན་དུ་ཡོམ་ཁུལ་དུ་བསྐྱལ་བ་དང་། གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ལ་གནས་སྐབས་སྡོད་ས་ཁ་ཐང་པོ་ཡོད་པ་ཤེས་རྗེས། ཀུང་སིས་རང་འགུལ་ངང་སྟབས་བདེའི་ཁང་པ་100ཞལ་འདེབས་བཀོད་སྒྲིག་བྱས་ནས་སྡོད་ཁང་དཀོན་པའི་ཁུར་པོ་ཡང་དུ་བཏང་བ་དང་ཆབས་ཅིག་ལས་མི་ཡོངས་ཀྱིས་ཞལ་འདེབས་སྒོར་ཁྲི་300ལྷག་ཙམ་བརྒྱབ་ནས་གེགས་ཁུལ་མང་ཚོགས་ལ་དྲོ་སྐྱིད་ལྡན་པའི་སྡོད་ཁང་སྐྲུན་རོགས་བྱས་ཡོད།
མང་ཚོགས་བཀོད་སྒྲིག་གི་དུས་ཚོད་ཁ་ཐང་ལ་ལས་འགན་ལྕི་བས། མང་ཚོགས་ཚོ་སྔ་ཙམ་སྟབས་བདེའི་ཁང་པའི་ནང་ཚ་སོབ་སོབ་ཏུ་སྡོད་ཐུབ་པར་བྱ་ཆེད། ཉེན་སེལ་རུ་ཁག་གིས་ཉིན་མཚན་དབྱེར་མེད་ངང་ལས་རེས་ཐེངས་གཉིས་བཟོས་ནས་དུས་ཚོད་དམ་འཛིན་གྱིས་སྟབས་བདེའི་ཁང་པ་ནུས་ཤུགས་ཡོད་རྒུས་བརྒྱབ་ཡོད།
དེ་ལྟར་ཉིན་མཚན་དབྱེར་མེད་དཀའ་སྤྱད་ལས་སྒྲུབ་བྱས་པས། དུས་ཐུང་ཉིན་9ཡི་ནང་ཉེན་སེལ་རུ་ཁག་གིས་འགྲིམ་འགྲུལ་འཕེལ་རྒྱས་ཚོགས་པའི་བཀོད་སྒྲིག་བཞིན་སྟབས་བདེའི་ཁང་པ་600རྒྱག་རྒྱུའི་ལས་འགན་ལེགས་སྒྲུབ་བྱས་པ་མ་ཟད། ད་དུང་ཚན་པ་གཞན་དག་ལ་རང་འགུལ་ངང་གཞོགས་འདེགས་བྱས་ནས་སྟབས་བདེའི་ཁང་པ་ཆ་ཚང་260བརྒྱབ་ཡོད། དེ་དང་ཆབས་ཅིག་སྨི་ངོས་གྲུ་ཁྲི་7.09ཟིན་པའི་ཁང་པའི་ཞིག་རོ་གཙང་སེལ་དང་། དུད་ཚང་552ཀྱི་ཁང་པ་བཤིག་པ། སྨི་2220ཡི་ཡུར་བུ་བཤངས་པ། སྨི་ངོས་གྲུ་ཁྲི་6.21གི་ས་ཁོད་སྙོམས་པ་སོགས་ལྷན་སྦྱར་ལས་སྒྲུབ་ལ་བརྟེན་ནས་གནོད་འཚེ་ཕོག་པའི་མང་ཚོགས་རྣམས་དགུན་སྒྲོལ་ཐུབ་པ་དང་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་རིམ་བཞིན་སླར་གསོ་ཐུབ་པར་བྱས་ཡོད།
བཟོ་བོའི་སྙིང་སྟོབས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྱར་དུ་བསྐྲུན་པ།
འཕྲལ་སྡོམ་ཉེན་སེལ་དང་གནས་སྐབས་བཀོད་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་བསྒྲུབས་རྗེས་གེགས་རྗེས་བསྐྱར་སྐྲུན་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། 2025ལོའི་ཟླ་5པར། བོད་ལྗོངས་ཐེན་ཧྲུན་ལམ་ཟམ་ལས་གྲྭ་ཚད་ཡོད་ཀུང་སིས་ལྷ་རྩེ་རྫོང་གི་གེགས་རྗེས་བསྐྱར་སྐྲུན་གྱི་དུམ་བུ་བདུན་པའི་འཛུགས་སྐྲུན་ལས་འགན་ཁུར་ཞིང་། འཛུགས་སྐྲུན་བྱེད་ཁོངས་སུ་མདོ་མ་གྲོང་ཚོ་དང་། དགའ་དཔེ་གྲོང་ཚོ། རེ་མདའ་གྲོང་ཚོ། སྒང་གཞིས་གྲོང་ཚོ་སོགས་ཚུད་པའི་ཤར་ནུབ་ཕྱོགས་ཀྱི་སྤྱི་ལེ་15ཡི་ཁོངས་ཀྱི་དུད་ཚང་385ཡི་སྡོད་ཁང་སླར་གསོ་བསྐྱར་སྐྲུན་བྱེད་འགན་ཁུར་ཡོད།
གནོད་འཚེ་ཕོག་པའི་མང་ཚོགས་སྔ་ཙམ་སྡོད་ཁང་གསར་པའི་ནང་སྤོ་ཐུབ་པར་བྱ་ཆེད། ཀུང་སིས“ཟླ་སྐར་འགག་སྒྲོལ་འཆར་གཞི”ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ལས་སྒྲུབ་མི་སྣ་700ལྷག་ཙམ་དང་། ཕུམ་འཁོར་7 གཤེར་འདྲེན་རླངས་འཁོར་23བཅས་བསྐོངས་ནས་ཚན་རིག་དང་མཐུན་པའི་ངང་ཨར་ལས་འཆར་གཞི་བཟོས་ཐོག ལག་རྩལ་གྱི་ཚད་གཞི་དོན་འཁྱོལ་ནན་པོ་བྱས་ནས་འཛུགས་སྐྲུན་པ་ཡོངས་ཀྱིས་འཐབ་ས་དང་པོར་གཞི་ཚུགས་པ་དང་། ཉིན་མཚན་དབྱེར་མེད་ངང་ཨར་ལས་ཞིབ་ཚགས་བྱས་ཏེ་དུས་བཀག་ལྟར་གྲོང་མིའི་སྡོད་ཁང་བརྒྱབ་པ་དང་འབྲེལ་བདེ་བླག་ངང་རྩིས་སྤྲོད་བྱས་ཡོད།
“དེ་སྔའི་ཁང་པར་ཡོམ་འགོག་ནུས་པ་ཆུང་ཙམ་ཡོད། ད་ཆ་ཁང་པ་གསར་པའི་རྩིག་རྨང་བརྟན་ལ་ཕྱི་ནས་བལྟས་ནའང་རྫིག་པོ་འདུག འདི་དག་ཚང་མ་ཐེན་ཧྲུན་ལམ་ཟམ་གྱི་འཛུགས་སྐྲུན་པ་ཚོའི་བཀའ་དྲིན་རེད”ཅེས་བསྐྱར་སྐྲུན་ཚར་རྗེས་ཀྱི་ཁང་པ་གསར་པའི་མདུན་དུ་ལངས་ནས་ཡོད་པའི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གཞིས་ཆེན་ཤང་མདོ་མ་གྲོང་ཚོའི་ཡུལ་མི་རྡོ་ཕུན་གྱིས་དགའ་ཚོར་ཆེན་པོས་དེ་ལྟར་བཤད།
ད་ཆ་དཔུང་ཁག་དེས་སྔར་བཞིན་ས་མཐོའི་འཕྲལ་སྡོམ་འགན་ལེན་གྱི་འཐབ་ས་དང་པོར་བཅའ་སྡོད་ཀྱིས་བཀའ་འབྱོར་མ་ཐག་བྱ་སྤྱོད་སྤེལ་བ་དང་ཉེན་ཁའི་ཕྱོགས་སུ་བསྐྱོད་དེ། བརྟན་སྲུང་གི་འགྱུར་མེད་དམ་བཅའ་བློ་ལ་བརྟན་པོར་བཅངས་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཏེ། གངས་ལྗོངས་ས་མཐོའི་ཁྱིམ་ཚང་ཁྲི་སྟོང་མང་པོར་སྲུང་སྐྱོབ་བྱས་དང་བྱེད་མུས་རེད།
འབྲེལ་ཡོད་གསར་འགྱུར།