དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིན་དེར་ཁོང་ཚོར་གཟི་བརྗིད་མཚན་སྙན་མཐོ་ཤོས་དེ་རག་པ།

    —— ཕུ་མ་བྱང་ཐང་ཤང་གི་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་སྐྱོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-26

    ཟླ་7ཚེས་1ཉིན། ཉི་འོད་རབ་ཏུ་འཚེར་ནས་དྲོ་སྐྱིད་ལྷག་པར་ལྡན། ཉིན་དེར་ཕུ་མ་བྱང་ཐང་ཤང་གི་ད་ལོའི་དྲོད་རླངས་གཏོང་མཚམས་འཇོག་པའི་ཉིན་དང་པོ་རེད།

    ཉིན་དེར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་རྡོ་རྗེ་དབང་ཕྱུག་གིས་པེ་ཅིང་དུ་ཕུ་མ་བྱང་ཐང་ཤང་གི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་ཚབ་ཞུས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག“རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཀྱི་ལག་ཁྱེར་དང་བྱ་དགའི་རྟགས་མ་བླངས་པ་རེད།

    ཕུ་མ་བྱང་ཐང་ཤང་དུ་ལོ་གཅིག་ལ་དུས་ཚིགས་གཉིས་ལས་མེད། ཆ་སྙོམས་ས་བབ་སྨི་5373ཟིན་པ་དང་ལོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་7ཟིན་པའི་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་ཤང་དེར་རྡོ་རྗེ་དབང་ཕྱུག་དང་ཏང་ཡོན་ལས་བྱེད་པ་ཁྱུ་གཅིག་གཞིས་ཚུགས་ཡོད། ཉིན་མོ་འབྲོག་ར་དང་འབྲོག་དུད་དུ་སྐྱོད་དེ་སྲིད་ཇུས་སྒྲོག་འགྲེལ་དང་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། མཚན་མོ་གཞུང་ལས་ཁང་དུ་ཡིག་ཆ་ལེགས་སྒྲིག་དང་གནས་ཚུལ་ཕྱོགས་སྡོམ་བྱེད་ཀྱི་ཡོད། ཉལ་ཁང་གཅིག་དང་ཚོམས་ཆེན་གཅིག་གི་ལས་ཤག་དེ་ཁོང་ཚོའི་ངོས་ནས་བརྗོད་ན་དགོང་མོ་ཉལ་ས་ཙམ་ཞིག་རེད།

    འགྱུར་ལྡོག་དེ་ནི་མཚན་མོ་གཅིག་རང་ལ་བྱུང་བ་ལྟར་སྣང་། 2023ལོར། ལྷོ་ཁ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་3000ཙམ་བཏང་ནས་ཕུ་མ་བྱང་ཐང་ཤང་གི་དུད་ཚང་280ལ་གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་བྱས་ཤིང་། ལོ་ཧྲིལ་པོར་ཟླ་7པ་དང་8པར་གཏོང་མཚམས་འཇོག་པ་ཕུད་དེ་མིན་གྱི་དུས་ཚོད་ལ་གཏོང་མཚམས་གཏན་ནས་འཇོག་གི་མེད།

    ཟླ་7ཚེས་3ཉིན་གྱི་ཕྱི་དྲོར། རྡོ་རྗེ་དབང་ཕྱུག་པེ་ཅིང་ནས་ལོག་ཡོང་སྐབས་ལས་རོགས་ཚོས་སྔ་ས་ནས་ཤང་ཏང་ཨུད་ཀྱི་སྒོ་རའི་ནང་སྒུག་ནས་བསྡད་ཡོད། ས་མཚམས་གྲོང་ཚོའི་མང་ཚོགས་ཚོས་ཧྲུའུ་ཅི་ལོག་ཕེབས་ཀྱི་ཡོད་པ་ཐོས་མ་ཐག་ལག་ཏུ་ཁ་བཏགས་ཁྱེར་ནས་བསུ་བ་ཞུ་བར་ཡོང་། རྡོ་རྗེ་དབང་ཕྱུག་གིས་གཟེངས་རྟགས་དང་ལག་ཁྱེར་འཁྱེར་ནས་ཤང་ཏང་ཨུད་དང་སྲིད་གཞུང་གི་རྒྱལ་སྒོའི་མདུན་གྱི་ས་བབ་སྨི་5373ཞེས་བྲིས་པའི་རྡོ་རིང་མདུན་དུ་ལངས་ཏེ་མིག་ཟུང་དགའ་སྤྲོའི་མཆི་ཞག་གིས་ཁེངས། མཚན་སྙན་མཐོ་ཤོས་དེ་ནི་ཤང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་དང་དཀའ་སྤྱད་དངོས་སྒྲུབ་ལས་བྱུང་བའི་གྲུབ་འབྲས་ཤིག་རེད།

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་ནས་ཡུལ་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཉན་རྒྱུ་བྱུང་བས་རྡོ་རྗེ་དབང་ཕྱུག་ལ་སྐུལ་ལྕག་ཆེན་པོ་ཐེབས་ཏེ་སེམས་འགུལ་ཚད་མེད་ཐེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གཞོན་ནུ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་སྟོབས་ཤུགས་གསར་པ་ཞིག་རེད”ཅེས་གསུངས་པ་ཁོང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།

    ཕུ་མ་བྱང་ཐང་ཤང་གི་ཏང་ཡོན་དང་ལས་བྱེད་པའི་དཔུང་ཁག་ལོ་ན་ཧ་ཅང་གཞོན་ཞིང་། ཤང་གི་ལས་བྱེད་པ་44དང་། གྲོང་ཚོའི་ལས་བྱེད་པ་42 གྲོང་སྡོད་ལས་བྱེད་པ་12བཅས་ཀྱི་ཆ་སྙོམས་ལོ་ཚད་30ཡང་ཟིན་གྱི་མེད།

    ཕུ་མ་བྱང་ཐང་ཤང་ལ་སྲོག་གནས་དཀའ་ཁུལ་ཞེས་བརྗོད་ཀྱི་ཡོད་མོད། འོན་ཀྱང་ལོ་ལྟར“ས་བབ་མཐོ་བའི་ཕ་ཡུལ”དེར་ཡོང་མཁན་གཞོན་ནུ་ཇེ་མང་དུ་འགྲོ་བཞིན་ཡོད། ཤང་དེ་ཡོངས་སུ་གྲོང་ཚོ་6དང་མཐའ་མཚམས་གྲོང་ཚོ་5ཡོད་པས་གཞོན་ནུ་དེ་དག་གིས་མཐའ་སྲུང་མཐའ་སྐྱོང་བྱ་རྒྱུ་དེ་བླ་ན་མེད་པའི་འགན་འཁྲིར་བརྩིས་ནས་དུས་བཀག་ལྟར་རུ་སྣེ་ཁྲིད་དེ་མཐའ་མཚམས་སུ་སྐོར་གཡེང་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་ཀྱི་ཡོད།

    ཤང་ཀྲང་དབྱང་ཀང་ནི་ལས་སྒྱུར་དམག་མི་ཡིན་པ་དང་2025ལོར་ཤང་དུ་འགན་འཁུར་བར་ཡོང་། ཁོང་ནི་སི་ཁྲོན་མེ་ཧྲན་ནས་ཡིན་པ་དང་། 1993ལོར་སྐྱེས་པའི་ན་གཞོན་འཇོན་པོ་ཞིག་རེད། ཁོང་དེ་གར་མ་སླེབས་གོང་ས་བབ་སྨི་5000ལྷག་ཙམ་ཟིན་པའི་ཕུ་མ་བྱང་ཐང་ཤང་དུ་སྔོ་ཚལ་འདེབས་ཐུབ་ནས་ཤང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཁྱིམ་གཞིས་དེ་འཛུགས་སྐྲུན་ཡག་པོ་བྱེད་པའི་སྙིང་སྟོབས་འཕེལ་ཡོད། ས་བབ་མཐོ་བའི་ཁུལ་དུ་གསོ་རླུང་མི་འདང་ཡང་ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་བྱེད་ཀྱི་ཡོད། ད་ཆ་ཤང་དུ་ཚགས་ཤ་དང་། མར། ཕྱུར་བ་བཅས་ཕྱིར་ཚོང་བྱེད་རྩིས་ཡོད་ཅེས་ཁོང་གིས་གསར་འགོད་པར་ཤ་སྐམ་པོ་ཞིག་སྤྲོད་བཞིན་བཤད།

    “དུས་རབས་གསར་པར་ཀྲུང་གོའི་གཞོན་ནུ་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་ཕུགས་འདུན་ཆེན་པོ་འཛུགས་པ་དང་དུས་རབས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་ཁུར་ཏེ་མི་སྒེར་གྱི་དོན་གཉེར་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ནང་བཅུག་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ལང་ཚོ་ཆུད་ཟོས་སུ་མི་གཏོང་བར་རྒྱང་ལམ་གསར་པའི་ཐོག་ལོ་རྒྱུས་ཀྱི་རྒྱུག་མཐུད་འགྲན་བསྡུར་ཡག་པོ་བྱེད་པ་དང་ལང་ཚོར་བརྟེན་ནས་མདུན་ལམ་འདིང་བ་དང་ཕུགས་བསམ་ལ་བཀྲག་མདངས་འཚེར་ཐུབ་པར་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞོན་ནུ་ཚོར་བཅངས་པའི་ཐུགས་རེ་དེ་ལས་ཕུ་མ་བྱང་ཐང་ཤང་གི་ན་གཞོན་ལས་བྱེད་པ་ཚོའི་ངར་སེམས་དང་ཡིད་ཆེས་ལྷག་པར་འཕེལ་བར་བྱས་ཡོད།

    ས་སྲོད་མཚམས་སུ། པེ་ཅིང་དུ་བསྐྱོད་པའི་བརྒྱུད་རིམ་དང་མྱོང་ཚོར་མཉམ་སྤྱོད་ཟིན་རྗེས་རྡོ་རྗེ་དབང་ཕྱུག་དང་ཏང་ཡོན་ལས་བྱེད་པ་ཚོ་ཚོགས་ཁང་ནས་དོན། གྲང་ངར་ཅུང་ཟད་ལྡན་རུང་ཁོང་ཚོའི་དགའ་སྤྲོ་རབ་ཏུ་འཁོལ་བའི་འཛུམ་མདངས་འགོག་ཐབས་བྲལ། ཚོགས་ཁང་གི་མངོན་གསལ་དོད་ཤོས་སུ་ལག་ཁྱེར་དམར་པོ་དེ་དང་གསེར་འོད་ཆེམ་ཆེམ་དུ་འཚེར་བའི་བྱ་དགའི་རྟགས་མ་དེ་བཞག་ཡོད། ཕུ་མ་བྱང་ཐང་ཤང་གི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་ངོས་ནས་བརྗོད་ན་དེ་ནི་ཁས་ལེན་ཞིག་རེད་ལ་ལྕག་སྐུལ་ཞིག་དེ་བས་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།