དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོར་ཡུལ་སྐོར་དུ་ཡོང་མཁན་མང་བ་ལས་སྒོ་དབྱེའི་ཀྲུང་གོའི་རྣམ་པ་གསར་པ་མངོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2026-07-25

    ད་ལོ་ནས་བཟུང་། “ཀྲུང་གོར་ཡུལ་སྐོར”བྱེད་པར་གོ་ལ་ཧྲིལ་པོའི་ཡུལ་སྐོར་བའི་དགའ་བསུ་མང་པོ་ཐོབ་པ་དང་བསྟུན་ནས། རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཡོད། ཀྲུང་གོ་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་སུ་ཡུལ་སྐོར་དུ་ཡོང་མཁན་ཕྱི་རྒྱལ་བ་མི་ཐེངས་ཁྲི་2291.4ཟིན་པ་དེ་དུས་མཚུངས་ལས་20.4%འཕར་ཡོད། རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་གྱི་ཚ་རླབས་རྒྱུན་ཆད་མེད་པར་འཕྱུར་བ་དེ་ནི་ཀྲུང་གོའི་རིག་གནས་ཡུལ་སྐོར་ཁྲོམ་ར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པའི་མཚོན་ཚུལ་ཞིག་ཡིན་ལ། སྒོ་དབྱེའི་ཀྲུང་གོ་དང་འཛམ་གླིང་གཉིས་མོས་མཉམ་འབད་བྱེད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་དེ་བས་ཀྱང་རེད།

    རྒྱལ་མཚམས་སྒྲོལ་བའི་རིག་གནས་ཀྱི་མཉམ་སྒྲོག་དེས“ཀྲུང་གོར་ཡུལ་སྐོར་བྱེད་པའི”མི་ཆོས་རིག་གནས་ཀྱི་གཏིང་ཤུགས་ཟབ་མོ་སྦྱིན་ཡོད། ད་ལོ་ནས་བཟུང་། “ཀྲུང་གོ་བར་འགྱུར་བ”དང“ཀྲུང་གོ་ཅན་དུ་འགྱུར་གང་ཐུབ་བྱེད་པ”སོགས་ཀྱི་བརྗོད་དོན་ཕྱི་རྒྱལ་གྱི་བརྙན་ཐུང་ཐོག་སྐད་གྲགས་ཆོད་ཡོད། ཕྱི་རྒྱལ་གྱི་དྲ་གྲོགས་མི་ཉུང་བ་ཞིག་གིས་ལུས་གསོའི་ཇ་སྐོལ་བ་དང་ཐའེ་ཅི་ལུས་རྩལ་སྦྱོང་བ་སོགས་ཀྱི་རྒྱུན་གཏན་འཚོ་བ་སྐྱེལ་སྟངས་མཉམ་སྤྱོད་བྱས་ནས། བག་ཕེབས་དང་དགོད་བྲོའི་མཉམ་འགུལ་ཁྲོད་ཀྲུང་གོའི་རིག་གནས་ལ་དགའ་ཞེན་ཆེན་པོ་ཡོད་པ་མཚོན་ཡོད། དྲ་ཐོག་གི་ཚ་རླབས་མུ་མཐུད་དྲ་ཕྱིར་ཁྱབ་པ་དང་བསྟུན་ནས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོ་ཞིག་ཀྲུང་གོའི་ཁྲོམ་གཞུང་ཁག་ཏུ་སྐྱོད་འདོད་བྱེད་ཀྱི་ཡོད། དབྱིན་ཇིའི《དཔལ་འབྱོར་རིག་པ་བའི》དྲ་ཚིགས་ཐོག་རྩོམ་ཡིག་ཅིག་སྤེལ་བའི་ནང་། ཕྱི་རྒྱལ་གྱི་འབྲེལ་ལམ་སྨྱན་སྦྱོར་གྱིས་ཀྲུང་གོའི་རིག་གནས་དང་། ཀྲུང་གོའི་ཚོང་ཟོག ཀྲུང་གོར་ཡུལ་སྐོར་ཉམས་ལེན་བྱེད་པ་བཅས་ལ་དགའ་པོ་བྱེད་པ་དེ་སྔར་བས་ཞིབ་ཕྲའི་འཛད་སྤྱོད་དང་ཡུལ་སྐོར་གྱི་དགོས་མཁོར་འགྱུར་བཞིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    ཡུལ་སྐོར་ལས་རྣམ་མགྱོགས་མྱུར་རིམ་འཇུག་རིམ་སྤོར་བྱུང་ནས། སྣ་མང་ཅན་དང་དབྱིངས་ཞུགས་རྣམ་པའི་ཉམས་ལེན་གྱིས་ཕྱི་རྒྱལ་གྱི་ཡུལ་སྐོར་བར་ཀྲུང་གོའི་འཕེལ་རྒྱས་ཤེས་རྟོགས་བྱེད་སའི་སྐར་ཁུང་གསར་པ་ཞིག་བཏོད་ཡོད། ད་ཆ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཀྲུང་གོར་ཡོང་སྐབས་རི་ཀླུང་གྲགས་ཅན་དང་ལོ་རྒྱུས་ཀྱི་གནའ་ཤུལ་ལ་ལྟ་སྐོར་བྱེད་པ་ཙམ་མ་ཡིན་པར། བཟོ་ལས་ཞིབ་སློབ་དང་གྲོང་གསེབ་ཉམས་ལེན་སོགས་རིག་གནས་ཡུལ་སྐོར་ལམ་ཐིག་ལ་ཡང་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ནུས་གསར་རླངས་འཁོར་ཐོན་སྐྱེད་རྟེན་གཞིར་བསྐྱོད་དེ་རླངས་འཁོར་ཧྲིལ་པོ་དང་སྒུལ་ཤུགས་གློག་རྫས་ཀྱི་རིག་ནུས་བཟོ་སྐྲུན་བརྒྱུད་རིམ་ལ་ཐག་ཉེ་ས་ནས་ལྟ་སྦྱོང་བྱེད་པ་དང་། ཀུའེ་ཀྲོའུ་ཡི་གྲོང་གསེབ་ཏུ་བསྐྱོད་དེ“ཞིང་ཕན་ཆེད་སྤྱོད་སྤྱི་སྤྱོད་རླངས་འཁོར”ལ་སྡོད་པ་དང“གྲོང་གྲུག”འགྲན་བསྡུར་ལ་བལྟས་ནས་གྲོང་གསེབ་དར་རྒྱས་ཀྱི་སྐྱེ་སྟོབས་ལ་ལྟ་བཞིན་ཡོད་པ་རེད། རྒྱལ་ཁོངས་སུ་ཡོང་བའི་ཡུལ་སྐོར་གྱི་དབྱིངས་ཞུགས་རྣམ་པའི་མྱོང་ཚོར་ཟབ་མོའི་རིགས་ཀྱི་ཐོན་རྫས་ཀྱི་མངགས་ཐོ་དུས་མཚུངས་ལས་ཤུགས་ཆེན་འཕར་བ་དང་། “ཀྲུང་གོར་ཡུལ་སྐོར”བྱེད་པ་དེ་ཚན་རྩལ་གསར་གཏོད་དང་གྲོང་གསེབ་དར་རྒྱས་སོགས་ཁྱབ་ཁོངས་དང་མཉམ་འདྲེས་ཟབ་མོ་བྱུང་ནས། ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཡུལ་སྐོར་བྱེད་པའི་བརྒྱུད་རིམ་ཁྲོད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་སྣ་ཚོགས་རྒྱུས་ལོན་བྱུང་ནས་དོན་དངོས་དང་། སྒོ་ཀུན། ཕྱོགས་ཡོངས་བཅས་ཀྱི་ཀྲུང་གོ་ཤེས་རྟོགས་ཐུབ་པར་བྱས་ཡོད།

    རྒྱུན་མཐུད་རྒྱ་ཆེར་གཏོང་བའི་ཆུ་ཚད་མཐོ་བའི་སྒོ་དབྱེའི་བྱེད་ཐབས་ཀྱིས་རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བར་ལམ་ལུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད། ད་ལོའི་ལོ་སྟོད་དུ་ཐོངས་མཆན་མི་དགོས་པར་རྒྱལ་ཁོངས་སུ་འཛུལ་བའི་ཕྱི་རྒྱལ་བ་མི་ཐེངས་ཁྲི་1781.5ཟིན་པ་དེས་རྒྱལ་ཁོངས་སུ་འཛུལ་བའི་ཕྱི་རྒྱལ་བ་ཡོངས་ཀྱི་77.7%བཟུང་ནས་དུས་མཚུངས་ལས་30.6%འཕར་ཏེ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཀྱི་ཁེ་ཕན་རྒྱུན་མཐུད་ལོངས་སུ་སྤྱོད་ཐུབ་པ་བྱས་ཡོད། དེ་དང་ཆབས་ཅིག་ཁོངས་གྲོལ་ཁྲལ་སློག་གི་སྲིད་ཇུས་2.0ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁྲལ་སློག་ཚོང་ཁང་མུ་མཐུད་རྒྱ་བསྐྱེད་པ་དང་འགག་སྒོའི་ཞིབ་བཤེར་ལས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། ཡུལ་གཞན་དུ“འཕྲལ་ཉོ་འཕྲལ་སློག”ཐུབ་པའི་ཁར“གནམ་འོག་ཀུན་ཏུ་སྐྱོད་པར་ལག་ཐོགས་ཁ་པར་གཅིག་གིས་འཐུས་པའི”སྒུལ་བདེའི་གཏོང་སྤྲོད་སྤྱོད་བདེ་པོ་བྱུང་ནས། ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཀྲུང་གོར་འཛད་སྤྱོད་དང་འགྲོ་སྐྱོད་བྱེད་པར་དེ་བས་སྟབས་བདེ་རུ་ཕྱིན་ཡོད། “ཀྲུང་གོར་ཡུལ་སྐོར”དང“ཀྲུང་གོར་ཉོ་སྒྲུབ”གཉིས་ཕན་ཚུན་སྐུལ་འདེད་ཐེབས་པ་དང་། རྒྱལ་ཁོངས་སུ་འཛུལ་བའི་འཛད་སྤྱོད་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་ཕྱིན་ནས་ཀྲུང་གོར་ཡོང་སྐབས་སྔར་བས་བློ་བདེ་བག་ཕེབས་བྱུང་ཡོད། རྒྱལ་སྤྱིའི་གྲགས་ཅན་ཡུལ་སྐོར་སྨྱན་སྦྱོར《འགྲུལ་བཞུད་དང་ཡུལ་སྐོར་གྱི་འཇིག་རྟེན》གྱིས་སྒོ་དབྱེ་བསྟུན་མཁས་ཀྱི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པས་ཀྲུང་གོར་སྐྱོད་པའི་བཀག་རྒྱ་མེད་པར་བཟོས་ནས། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་འགྲོ་སྐྱོད་སྟབས་བདེ་ཚད་དང་ཡིད་དབང་འགུག་ཤུགས་སྔོན་ཐོན་ཡིན་པའི་ཡུལ་སྐོར་དམིགས་སའི་གྲས་སུ་ཚུད་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།

    ཀྲུང་གོས་ཁྱབ་བསྒྲགས་བྱས་པའི《ཡུལ་སྐོར་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ནང་། 2030ལོར་སླེབས་སྐབས་རང་རྒྱལ་གྱི་རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་གྱི་གཞི་ཁྱོན་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། རྒྱལ་ཁོངས་སུ་ཡུལ་སྐོར་བྱེད་མཁན་མི་ཐེངས་དུང་ཕྱུར་1.9དང་འགྲོ་སོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་1500ལྷག་ཟིན་རྒྱུ་རེད་ཅེས་ཁ་གསལ་བསྟན་ཡོད། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། སྤུས་ཚད་མཐོ་བའི་ཡུལ་སྐོར་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བར་བྱེད་པ། ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ་སོགས་འཆར་གཞི་གསར་པ་དང་བྱེད་ཐབས་གསར་པ་རབ་དང་རིམ་པ་ལས་ཀྲུང་གོས་རྒྱལ་ཁོངས་སུ་ཡོང་བའི་ཡུལ་སྐོར་གྱི་ཉམས་ལེན་རྒྱུན་མཐུད་ལེགས་སུ་གཏོང་བ་དང་རྒྱལ་སྤྱིའི་ཡུལ་སྐོར་བའི་ཐོབ་སྣང་ཟབ་ཏུ་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་ཡོད། ཕྱི་རྒྱལ་སྨྱན་སྦྱོར་ཞིག་གིས། ཀྲུང་གོས་གོ་ལ་ཧྲིལ་པོའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ནས་འཛམ་གླིང་གི་རིག་གནས་ཡུལ་སྐོར་ཐོན་ལས་རྒྱུན་མཐུད་ཆོག་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་འབུལ་བཞིན་ཡོད་ཅེས་བསྟན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།