“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དར་རྒྱས་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་གི་ཡིན”
ཉེ་ཆར། 2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་བཟོ་ཚོང་བློ་འདྲིའི་ལས་འཛིན་ལྷན་ཚོགས(ABAC)ཀྱི་ཚོགས་འདུ་ཐེངས་གསུམ་པ་ཐེ་ལན་གྱི་རྒྱལ་ས་པང་ཁོག་གི་མེ་ནན་གཙང་པོའི་འགྲམ་དུ་འཚོགས་པ་དང་། APECདཔལ་འབྱོར་དངོས་ཚན་21གི་ABACཡི་འཐུས་མི་དང་། བསྐོ་སྒུག་འཐུས་མི། རིགས་གཅིག་མཁས་ཅན་སོགས་མི་200ལྷག་ཙམ་ཚོགས་འདུར་ཞུགས་ནས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས། གྲངས་འཛིན་གསར་གཏོད། ཕན་ཚུན་སྦྲེལ་མཐུད་བཅས་གཙོ་གནད་ཁྱབ་ཁོངས་ཆེན་པོ་བཞིར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད། ཚོགས་འདུར་ABACཡིས་འགོ་ཁྲིད་པར་སྤྲིངས་པའི་འཕྲིན་ཡིག་དང་སྙན་ཞུ་དང་། ABACཡིས་དཔལ་འབྱོར་དངོས་ཚན་ཁག་གི་ནོར་སྲིད་དང་། ནུས་རྒྱུ། ཁེ་ལས་འབྲིང་ཆུང་། གྲངས་འཛིན། འབྲུ་རིགས། འགྲིམ་འགྲུལ་བཅས་ཀྱི་པུའུ་ཀྲང་ལ་སྤྲིངས་པའི་འཕྲིན་ཡིག་6 དེ་བཞིན་ཚད་རྡུལ་ཚན་རྩལ་དང་། སྨན་བཅོས་འཕྲོད་བསྟེན། གཏེར་ལས་ཁྱབ་ཁོངས་བཅས་སྐོར་གྱི་གསལ་བསྒྲགས་3སོགས་གྲུབ་འབྲས་གལ་ཆེན་གྱི་ཡིག་ཆ་10ལ་གྲོས་འཆམ་བྱུང་ནས་ཟླ་11པར་ཀྲུང་གོའི་ཧྲེན་ཀྲེན་དུ་འཚོག་རྒྱུའི་APECའགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་སྤུས་ཚད་མཐོ་བའི་བཟོ་ཚོང་ལས་རིགས་ཀྱི་གྲུབ་འབྲས་གསོག་འཇོག་བྱས་ཡོད་པ་རེད།
2026ལོའི་APECབཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ཀྱི་ཀྲུའུ་ཞི་དང་ཀྲུང་གོ་ཚོང་དོན་ཡར་སྐུལ་ལྷན་ཚོགས་ཀྱི་ཚོགས་གཙོ་རེན་ཧུང་པིན་གྱིས་APECབཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཁོང་གིས། ཀྲུང་གོ་ཕྱོགས་ཀྱིས་གྲ་སྒྲིག་ཨང་བསར་བྱས་ཟིན་པས་ABACཡི་ཁོངས་མི་དང་། བཟོ་ཚོང་ལས་རིགས་ཀྱི་གཙོ་འཛིན། ལས་རིགས་མཐུན་ཚོགས། ཚོང་ཚོགས་ཀྱི་འཐུས་མི། དེ་བཞིན་ཇུས་འདོན་ཚོགས་པ་དང་སྨྱན་སྦྱོར་གྱི་འཐུས་མི་བཅས་ད་ལོའི་APECབཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ལ་མཉམ་དུ་ཞུགས་པར་དགའ་བསུ་ཞུ་གི་ཡིན་ཞེས་བརྗོད་པ་རེད། སྐབས་འདིའི་དབུ་ཚོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཕན་ཚུན་སྦྲེལ་མཐུད་དང་། ཚོང་དོན་དང་མ་འཇོག་སྟབས་བདེ་ཅན། མི་ཐབས་རིག་ནུས། གྲངས་འཛིན་དཔལ་འབྱོར། ནུས་རྒྱུ་གཙང་མ། ལྗང་མདོག་དངུལ་རྩ། མཁོ་སྤྲོད་འཁོར་འབྲེལ་མཉམ་ལས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་སོགས་གཙོ་གནད་གྲོས་གཞིར་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱ་རྒྱུ་རེད།
2026ལོའི་ABACཡི་ཀྲུའུ་ཞི་དང་ཀྲུང་གོའི་ཀྲུང་གོ་རྫས་འགྱུར་བཟོ་ལས་ཀྱི་ཏུང་ཧྲི་ཀྲང་ལི་ཧྥན་རུང་གིས། ས་ཁོངས་རྒྱུན་མཐུད་དར་རྒྱས་འགྲོ་བ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་དངོས་ཚན་ཁག་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པར་རག་ལུས་ཡོད། མི་ཐབས་རིག་ནུས་དང་། གྲངས་འཛིན་དཔལ་འབྱོར། ནུས་རྒྱུ་ཕྱོགས་སྒྱུར་བཅས་ལས་བྱུང་བའི་གོ་སྐབས་སྟངས་འཛིན་བྱས་ནས་སྒོ་དབྱེ་དང་སྔོན་དཔག་ཐུབ་པའི་ཚོང་དོན་དང་མ་འཇོག་ཁོར་ཡུག་སྲུང་སྐྱོང་བྱེད་དགོས་ཞེས་བརྗོད་པ་དང་། ཁོང་གིས“གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གཏན་འཁེལ་མེད་པའི་རང་བཞིན་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད། སྒོ་དབྱེ་དང་། ཕན་ཚུན་སྦྲེལ་མཐུད། མཐུན་སྦྱོར་མཉམ་ལས་བཅས་ལ་སྐུལ་འདེད་གཏོང་བ་བརྒྱུད་APECཡིས་གདེང་ཚོད་ཆེ་རུ་གཏོང་བ་དང་དུས་མཚུངས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཁེ་ལས་དང་སྡེ་ཁུལ་ལ་ཁེ་ཕན་དངོས་འབྲེལ་གཏོད་ཐུབ། ABACཡིས་APECཡི་དཔལ་འབྱོར་དངོས་ཚན་ཁག་དང་ལག་གདང་སྦྲེལ་ནས་སྔོན་ལ་ལག་ལེན་བསྟར་བའི་དོན་ཚན་དེ་དག་ཞིབ་ཕྲའི་བྱ་སྤྱོད་ལ་འགྱུར་བ་བྱེད་ཀྱི་ཡིན”ཞེས་བརྗོད།
APECལམ་སྲོལ་ཁྲོད་ཀྱི་བཟོ་ཚོང་ལས་རིགས་ཀྱི་ཚབ་བྱེད་མཁན་རྒྱུན་བཙུགས་སྒྲིག་གཞི་འབའ་ཞིག་ཡིན་པའི་ABACཡིས་བཟོ་ཚོང་ལས་རིགས་བརྒྱུད་སྤྲོད་ཀྱི་རེ་འབོད་དང་དངོས་སྒྲུབ་ཇུས་གཞི་འབུལ་བའི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད། ABACཡི་ཐེ་ལན་གྱི་ཀྲུའུ་ཞི་ཁ་སེན་ཤིས་ཐེ·ཕ་ཐུང་ས་ཡིས། ABACཡིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ས་ཁོངས་ཀྱི་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་གཤིས་དང་བརྟན་པོའི་རང་བཞིན་ལ་ཤུགས་སྣོན་རྒྱག་པ། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་འཕེལ་རྒྱས་འགྲོ་བར་མཐུན་རྐྱེན་སྦྱོར་བ། གྲངས་གཞིའི་དཔལ་འབྱོར་ཕྱོགས་སྒྱུར་མགྱོགས་སུ་གཏོང་བ། དཔལ་འབྱོར་བསྟུན་མཁས་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་བརྗོད་པ་དང་། ཁོང་གིས“ད་ལོའི་ཟླ་11པར་ང་ཚོས་ཧྲེན་ཀྲེན་དུ་APECདཔལ་འབྱོར་དངོས་ཚན་གྱི་འགོ་ཁྲིད་པར་གྲོས་འགོ་དངོས་སུ་འབུལ་རྒྱུ་དང་འབྲེལ་དཔལ་འབྱོར་དངོས་ཚན་ཁག་གི་འགོ་ཁྲིད་པ་དང་སྤེལ་རེས་བྱ་རྒྱུ་ཡིན། ཀྲུང་གོས་གོང་གསལ་གྱི་མཉམ་ལས་ཁྱབ་ཁོངས་སུ་རྒྱུན་མཐུད་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དར་རྒྱས་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།