སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡིས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་སྐྱེ་ཁམས་ཀྱི་ལེགས་ཆ་དར་སྤེལ་བཏང་བ།
གསར་བརྗེའི་ཡུལ་སྐོར་འཁྲུག་ཆ་དོད། ས་མཐོའི་ཡུལ་ལུང་ལྟ་ན་སྡུག
གངས་དཀར་རི་བོ་བརྗིད་ཉམས་ལྷག་པར་དོད། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་བཙན་ལྷ་རྫོང་ཏ་ཝུའེ་དམར་དམག་མཉམ་འཛོམས་ཟམ་པའི་མདུན་དུ། འཆད་འགྲེལ་པ་ཞིག་གིས་ཞིབ་སློབ་སློབ་མ་ཚོར“1935ལོའི་ཟླ་6པར། ཀྲུང་དབྱང་དམར་དམག་གིས་ཅ་ཅིན་རི་བོ་བརྒལ་ནས་དམར་དམག་དཔུང་སྡེ་བཞི་པ་དང་རྒྱལ་ཁའི་ངང་མཉམ་འཛོམས་བྱས་ཡོད”ཅེས་བརྗོད། ཅ་ཅིན་རི་བོའི་དམར་དམག་སློབ་ཆུང་གི་སློབ་མ་ཀྲང་ཡུས་དབྱང་གིས་གཏམ་རྒྱུད་ལ་ཉན་རྗེས། རང་འགུལ་ངང“འཆད་འགྲེལ་པ་ཆུང་ཆུང”ཞིག་བྱ་རྒྱུའི་མིང་ཐོ་བཀོད།
རྔ་བ་ནི་གསར་བརྗེའི་གནས་མཆོག་ཅིག་རེད། 1935ལོའི་ཟླ་4པ་ནས་1936ལོའི་ཟླ་8པའི་བར། ཀྲུང་གོ་བཟོ་ཞིང་དམར་དམག་དཔུང་སྡེ་དང་པོ་དང་། གཉིས་པ། བཞི་པ་བཅས་གཙོ་ཤུགས་དམག་དཔུང་གསུམ་རྔ་བར་བསྐྱོད་དེ་ཟླ་16རིང་དེ་གར་བཅའ་སྡོད་བྱས། ཅ་ཅིན་རི་བོ་སོགས་ལོ་འཁོར་མོར་ཁ་བས་ཡོངས་སུ་བཀླུབས་ཤིང་མཐོ་ཞིང་གྲང་ངད་ཆེ་བའི་གངས་རི་བཅུ་ཕྲག་ཁ་ཤས་དང་རྩྭ་ཐང་གསུམ་བརྒལ་ནས་བཞག་པའི“མུ་ཟི་རྐང་བདུན”དང“ལྕགས་ཀྱུ་སེར་པོ”སོགས་གསར་བརྗེའི་གཏམ་རྒྱུད་ལས། སྐབས་འདིའི་སྤྱིར་བཏང་མིན་པའི་ལོ་ཟླ་མི་སེམས་སུ་རྡོ་བརྐོས་རི་མོ་བཞིན་གསལ་ལེར་ངེས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱང་སྐྱོད་ལམ་བུར་མུ་མཐའ་མེད། ཡོང་ཁུངས་དང་འདས་སོང་གི་ལོ་རྒྱུས་མི་ཤེས་པའི་མི་རིགས་ནི་མདུན་ལམ་མེད་པའི་མི་རིགས་ཤིག་རེད། ང་ཚོའི་བྱ་གཞག་ལ་འཕེལ་རྒྱས་ཇི་ཙམ་བྱུང་བ་དང་ང་ཚོར་གྲུབ་འབྲས་ཇི་ཙམ་ཐོབ་ཀྱང་། ང་ཚོས་སྔར་བཞིན་རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་བཏང་ནས། རྒྱང་ལམ་གསར་པར་དཔའ་ངར་ཆེན་པོས་མུ་མཐུད་མདུན་སྐྱོད་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
རྒྱང་ལམ་གསར་པར་ཡག་པོ་སྐྱོད་ཆེད། རྔ་བ་ཀྲོའུ་ཡིས་གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་། གསར་བརྗེའི་གཏམ་རྒྱུད་ཡག་པོ་བརྗོད་པ་སྟེ། ཀྲོའུ་ཡོངས་སུ་གསར་བརྗེའི་བརྗོད་དོན་གཙོ་བོའི་རྟེན་མཛོད་ཁང(དྲན་གསོ་ཁང)ཁག་5དང་རྒྱང་སྐྱོད་ཀྱི་དྲན་གསོའི་སྒྲིག་ཆས་འགྲེམས་ཁུལ་78བསྐྲུན་པ་དང་། 《དམར་དམག་རྔ་བར་རྒྱང་སྐྱོད་བྱས》སོགས་ཏང་གི་ལོ་རྒྱུས་བསླབ་གཞི་ཁག་50ལྷག་ཙམ་རྩོམ་སྒྲིག་བྱས་ནས། 《གངས་ལྗོངས་ཀྱི་ལང་ཚོ》དང《ཆའང་རིགས་རི་བོ་གང་སར་གྲགས》སོགས་ངག་ཐོག་གི་ལོ་རྒྱུས་དངོས་མཚོན་གློག་བརྙན་160ལྷག་ཙམ་བཏོན་ནས། གསར་བརྗེའི་རིག་གནས་ཁྱབ་སྤེལ་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ཡོད་པ་རེད།
དམར་དམག་སྐྱོད་མྱོང་བའི་ཅ་ཅིན་རི་བོར་རྐང་ཐང་མར་བསྐྱོད་པ་དང་། ལེའང་ཧོ་ཁོའུ་ཚོགས་འདུ་འཚོག་ཡུལ་དུ་དེ་སྔའི་ཚོགས་འདུ་ཚོགས་སྟངས་ལྟར་ཚོགས་འདུ་འཚོགས་པ་སོགས། ད་ཕན་ལོ་ཤས་རིང་། རྔ་བ་ཀྲོའུ་ཡིས་གསར་བརྗེའི་Aརིམ་པའི་མཛེས་ལྗོངས་ཁུལ་19བསྐྲུན་ནས། “གངས་རི་དང་རྩྭ་ཐང་། རྒྱང་སྐྱོད་ཀྱི་ལམ་ཚད་རྡོ་རིང”སོགས་གསར་བརྗེའི་ཡུལ་སྐོར་ལམ་ཐིག་རྩེ་གྲས་ཁག་5བཏོད་ཡོད་པ་རེད།
2025ལོར་ཀྲོའུ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་580ལ་སྣེ་ལེན་ཞུས་ཤིང་། “སྐྱེད་སྲིང་ཤུགས་ཆེན་བྱས་པའི་གསར་བརྗེའི་ཡུལ་སྐོར་དེ་ཉིད་རྔ་བའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྱུར་བཞིན་ཡོད”ཅེས་རྔ་བ་ཀྲོའུ་ཡི་ཀྲོའུ་ཀྲང་གཞོན་པ་ཀྲུའུ་པང་ཝུན་གྱིས་བརྗོད།
ད་ཆ་ཡངས་ཤིང་རྒྱ་ཆེ་བའི་མཛོད་དགེའི་འདམ་རར་སྐྱོད་སྐབས་གང་སར་སྔོ་ལྗང་རྩ་དང་རྩི་ཤིང་གིས་བརྒྱན་པ་དང་། མཚེའུ་དང་འདམ་ར་གང་སར་ཁྱབ་ཅིང་། སྔོན་མ་དམར་དམག་གིས་དཀའ་ཚེགས་ཆེན་པོས་བརྒལ་བའི་མུ་མཐའ་མེད་པའི་རྩྭ་ཐང་དེ་ད་ཆ་སྲོག་ཆགས་མང་པོའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སུ་གྱུར་ཡོད།
རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་ཁུལ་གཙོ་བོ་ཡིན་པའི་མཛོད་དགེའི་འདམ་ར་སྐབས་ཤིག་རིང་སྐམ་པ་དང་རྩྭ་ར་བྱེ་འགྱུར་དང་ཞན་འགྱུར་གྱི་ཉེན་ཁའི་གནས་སུ་གྱར། “ལོ་གཅིག་ལ་རླུང་འགོག་བྱེ་འཇགས་དང་། ལོ་གཉིས་ལ་སྔོ་ཁེབས་སླར་གསོ། ལོ་གསུམ་ལ་སྡོང་ཕྲུག་གསོན་པ། ལོ་བཞི་བསྟུད་མར་དོ་དམ་སྲུང་སྐྱོང་། ལོ་ལྔའི་རིང་ཆུ་འདྲེན་དང་རྩྭ་གསོ་ཟུང་འབྲེལ”བཅས་ཀྱི་དམིགས་ཚད་གཏན་འཁེལ་བྱས་ཏེ་རྔ་བ་ཀྲོའུ་ཡིས་སྐྱེ་ཁམས་སླར་གསོའི་ས་ཚིགས་5000ལྷག་ཙམ་བཀོད་སྒྲིག་བྱས་ནས་མ་ལག་བཅོས་སྒྲིག་བྱེད་འགོ་ཚུགས་པ་རེད།
ས་མཐོར་འདམ་ར་སླར་གསོ་བྱ་རྒྱུ་ནི་ལས་སླ་བའི་བྱ་བ་ཞིག་ག་ལ་ཡིན།
“མི་རབས་ཚང་མས་རང་ཉིད་ཀྱི་རྒྱང་སྐྱོད་ལམ་བུར་ཡག་པོ་སྐྱོད་དགོས། དཀའ་ངལ་དང་ངལ་དུབ་བྱུང་སྐབས་ང་ཚོས་དེ་སྔ་དམར་དམག་ཚོས་དཀའ་ངལ་ལ་མི་སྐྲག་པར་གངས་རིར་ཇི་ལྟར་འཛེགས་པ་དང་རྩྭ་ཐང་ཇི་ལྟར་སྒྲོལ་བ་ཡིད་ལ་དྲན་སྐབས་ངར་ཤུགས་ཆེ་རུ་འགྲོ་གི་འདུག” མཛོད་དགེ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ནགས་ལས་ལག་རྩལ་ཆེ་མོ་བ་ཐུའུ་ཧྲེང་གིས། ད་ཆ་བྱེ་རླུང་འཇགས་ནས་མཛོད་དགེ་རྫོང་གིས་2021ལོ་ཚུན་དུ་བྱེ་འགྱུར་ས་ཆ་ཁྱོན་མུའུ་ཁྲི་25.72གོ་རིམ་ལྡན་པའི་ངང་བཅོས་སྒྲིག་བྱས་པས་རྩྭ་ཐང་ལ་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་85%ཡན་ཟིན་ཡོད། འདམ་ར་སླར་གསོ་ཐུབ་པ་མ་ཟད། མཚོ་ཁྱ་ཁྲེབ་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་650བར་ཆེ་རུ་ཕྱིན་པ་དང་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་3000ཙམ་བར་མང་དུ་ཕྱིན་ཡོད།
འཛམ་ཐང་རྫོང་གི་རི་མཐོའི་ལུང་གཞུང་དུ་འོད་གློག་ཤེལ་ལེབ་བསྒྲིགས་ཡོད་ལ། རླུང་གློག་འཕྲུལ་འཁོར་གྱི་རླུང་འཁོར་ཡང་བསིལ་རླུང་ཁྲོད་དལ་བུར་འཁོར་བཞིན་མཆིས།
“ང་ཚོས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ནུས་རྒྱུའི་ཕྱུག་འགྱུར་རྫོང་གི་ལམ་བུར་བསྐྱོད་ཡོད”ཅེས་འཛམ་ཐང་རྫོང་འཕེལ་སྒྱུར་ཅུས་ཀྱི་ཅུས་ཀྲང་ཀྲོའུ་ཡུས་ཧྭ་ཡིས་བཤད། 2023ལོ་ཚུན་དུ་འཛམ་ཐང་རྫོང་གིས་ནུས་རྒྱུ་གཙང་མའི་རྨང་གཞི་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་ཏེ་ཏང་ཡོན་ལས་བྱེད་པ་ས་གནས་མང་པོའི་འོད་གློག་དང་རླུང་གློག་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་སློབ་སྦྱོང་བྱེད་པར་མངགས་ཡོད། ད་ཆ་འཛམ་ཐང་རྫོང་གི་ནུས་རྒྱུ་གཙང་མའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་108ལས་བརྒལ་ཡོད།
གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་། སྐྱེ་ཁམས་ཀྱི་ལེགས་ཆ་འདོན་སྤེལ། ལྗང་མདོག་ཐོན་ལས་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་རྔ་བ་ཀྲོའུ་ཡིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།