དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དམངས་ཡོངས་ཀྱི་ལུས་སྦྱོང་འཆར་གཞི(2026ལོ་ནས་2030ལོ་བར)》བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-07-25

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དམངས་ཡོངས་ཀྱི་ལུས་སྦྱོང་འཆར་གཞི(2026ལོ་ནས་2030ལོ་བར)》(གཤམ་དུ《འཆར་གཞི》ཞེས་བསྡུ་རྒྱུ)བཀྲམ་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་བྱས་པ་རེད།

    《འཆར་གཞིའི》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས། དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་མཉམ་འདྲེས་གང་ལེགས་ཡོང་བར་སྐུལ་འདེད་དང་། དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ། ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་གཙོ་ཁྲིད། སྡེ་ཚན་གྱིས་མཉམ་འགུལ། སྤྱི་ཚོགས་ཀྱིས་མཐུན་སྦྱོར། ཕྱོགས་མང་ཞུགས་པ། ཁྲིམས་སྐྱོང་གིས་འགན་ལེན་བཅས་བྱེད་པའི་དམངས་ཡོངས་ཀྱི་ལུས་སྦྱོང་ལས་དོན་གྱི་རྣམ་པ་ཧུར་ཐག་བཏོད་དེ། དམངས་ཡོངས་ལུས་སྦྱོང་གི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་དང་ཁྱབ་གདལ་དེ་བས་ཡག་པོ་ཡོང་བར་བྱས་ནས། ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་དང་བདེ་ཐང་གི་ཀྲུང་གོ་གང་མགྱོགས་སྐྲུན་དགོས་པའི་བླང་བྱ་བཏོན་ཡོད།

    《འཆར་གཞིའི》ནང་། 2030ལོར་སླེབས་སྐབས། ཆུ་ཚད་དེ་བས་མཐོ་བའི་དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་རྫས་ཞབས་ཞུའི་མཁོ་སྤྲོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་ལུས་རྩལ་ཐང་གི་སྒྲིག་བཀོད་སྔར་བས་ཆ་ཚང་བ་དང་ལེགས་སུ་གཏོང་བ། མང་ཚོགས་ཀྱི་ལུས་རྩལ་འགྲན་བསྡུར་དང་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་དེ་བས་ཕུན་སུམ་ཚོགས་སུ་གཏོང་བ། དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུ་སྔར་བས་བདེ་འཇགས་དང་ཚད་ལྡན་དུ་གཏོང་བ། ལུས་རྩལ་གྱི་རྩ་འཛུགས་ཁག་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་བ། དམངས་ཡོངས་ལུས་སྦྱོང་གི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ་དང་དམངས་ཡོངས་ལུས་སྦྱོང་གི་རྣམ་པ་ཉིན་བཞིན་འཁྲུག་ཆ་དོད་པོ་ཡོང་བ་བཅས་བྱས་ནས། ལུས་རྩལ་དེ་ཉིད་མང་ཚོགས་རྒྱ་ཁྱབ་ཞུགས་པའི་འཚོ་བ་སྐྱེལ་སྟངས་ཤིག་ཏུ་གྱུར་བར་བྱེད་དགོས། མི་རེར་དབང་བའི་ལུས་རྩལ་ཐང་གི་ཆ་སྙོམས་རྒྱ་ཁྱོན་སྨི་ངོས་གྲུ་4ཙམ་དང་། མི་སྟོང་རེར་དབང་བའི་སྤྱི་ཚོགས་ཀྱི་ལུས་རྩལ་མཛུབ་ཁྲིད་པ་3.3ཡས་མས། རྒྱུན་དུ་ལུས་སྦྱོང་ནང་ཞུགས་མཁན་མི་གྲངས་ཀྱི་བསྡུར་ཚད་40%ཡས་མས་བཅས་ཟིན་པ་བྱས་ནས། རྒྱལ་དམངས་ཀྱི་གཟུགས་གཞིའི་བདེ་ཐང་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་དགོས་ལུགས་ཁ་གསལ་བསྟན་ཡོད།

    《འཆར་གཞིའི》ནང་། ཕྱོགས་བཅུའི་ཐད་ཀྱི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ཡོད་པ་སྟེ། དེ་དག་ནང་དམངས་ཡོངས་ལུས་སྦྱོང་གི་ལམ་ལུགས་དང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། མང་ཚོགས་ཉེ་འགྲམ་གྱི་ལུས་སྦྱོང་བྱ་ཡུལ་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ། མང་ཚོགས་ཀྱི་འགྲན་བསྡུར་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ། དམངས་ཡོངས་ཀྱི་ལུས་སྦྱོང་རྩ་འཛུགས་ཀྱི་ཞབས་ཞུའི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཚན་རིག་དང་མཐུན་པའི་ལུས་སྦྱོང་མཛུབ་ཁྲིད་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ། མི་ཐབས་རིག་ནུས་སྤྱད་དེ་དམངས་ཡོངས་ཀྱི་ལུས་སྦྱོང་འཕེལ་རྒྱས་འགྲོ་བར་མཐུན་རྐྱེན་སྦྱོར་རྒྱུ། ཁྱད་པར་ཡོད་པའི་སྒོ་ནས་མི་ཚོགས་མི་འདྲ་བའི་ལུས་སྦྱོང་གི་དགོས་མཁོ་བསྐང་རྒྱུ། དམངས་ཡོངས་ལུས་སྦྱོང་ཀྱི་རིག་གནས་ཁྱབ་གདལ་གཏོང་རྒྱུ། དམངས་ཡོངས་ལུས་སྦྱོང་གི་བྱེད་ནུས་མང་ཞིང་ཕྱོགས་བསྡུས་རིན་ཐང་ཆེ་རུ་གཏོང་རྒྱུ། དམངས་ཡོངས་ལུས་སྦྱོང་གི་བདེ་འཇགས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཚུད་པ་རེད། 《འཆར་གཞིའི》ནང་། ད་དུང་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བར་དམིགས་ནས་འགན་ལེན་གྱི་བྱ་ཐབས་ཀྱང་བཏོན་ཡོད།

    《འཆར་གཞིའི》ནང་། དམངས་ཡོངས་ལུས་སྦྱོང་གི་ལས་དོན་ལ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས་པ་དང་། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་ས་ཁུལ་དེ་གའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཆར་འགོད་ལག་བསྟར་དང་འབྲེལ་མཐུད་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།