དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲིའི་ས་མཐོའི་ཆུ་གྲང་ཉའི་ཐོན་ལས་འཕེལ་རྒྱས་ལ་གོམ་སྟབས་གསར་པ་སྤོས་པ།

    ལོ་སྟོད་དུ་ཆུའི་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་556.62ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-25

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ས་མཐོའི་ཆུ་ཁོངས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་རྒྱུད་བཟང་སྲུང་སྐྱོང་དང་། གཞི་ཁྱོན་ལྡན་པའི་གསོ་ཚགས། རྣམ་གྲངས་འཛུགས་སྐྲུན། ཁྲོམ་ར་སྐྱེད་སྲིང་བཅས་ཕྱོགས་མང་པོར་ཤུགས་རྒྱག་པར་དམིགས་ནས། ས་མཐོའི་ཆུ་གྲང་ཉའི་ཐོན་ལས་འཕེལ་རྒྱས་ལ་གོམ་སྟབས་གསར་པ་སྤོས་ཡོད། ད་ལོའི་ཟླ་6པའི་ཟླ་མཇུག་བར། གྲོང་ཁྱེར་ཡོངས་ཀྱི་ཆུའི་ཐོན་རྫས་ཀྱི་ཐོན་འབབ་བསྡོམས་འབོར་ཏུན་197.04ཟིན་པ་དང་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་556.62ཟིན་ཏེ་ཁྱད་ལྡན་ཉ་ལས་དཔལ་འབྱོར་འཕེལ་རྒྱས་མངོན་གསལ་དོད་པོ་ཕྱིན་ཡོད་པ་རེད།

    ཐོན་ལས་བཀོད་སྒྲིག་ཐད། ཉིང་ཁྲི་གྲོང་ཁྱེར་གྱིས་ཚོང་སྒྱུར་ཉ་གསོ་ཚགས་དང་སྐྱེ་ཁམས་སླར་གསོ་གསོ་ཚགས་རྟེན་གཞི་རིགས་གཉིས་ལ་སྤྱི་འདོམས་བཀོད་སྒྲིག་བྱས་པ་རེད། གྲོང་ཁྱེར་ཡོངས་སུ་ད་ཆ་ཆུ་གྲང་ཉའི་གཞི་ཁྱོན་ལྡན་པའི་གསོ་ཚགས་རྟེན་གཞི་9དང་གསོ་ཚགས་ཀྱི་གཞི་ཁྱོན་མུའུ་141ཡོད་པ་དེ་དག་བྲག་ཡིབ་དང་ཀོང་པོ་རྒྱ་མདའ་སོགས་རྫོང(གྲོང་ཁྱེར་དང་ཆུས)ལ་ཁྱབ་ཡོད། མིག་སྔར་ཡུལ་དེ་རང་གི་ཉ་ཕྲུག་ཁྲི་1075.9གསོ་སྤེལ་བྱས་པ་དང་། ཐོན་རྫས་གཙོ་བོ་ཉིང་ཁྲི་དང་ལྷ་སའི་ཁྲོམ་རར་མཁོ་འདོན་བྱེད་ཀྱི་ཡོད་པས་མཁོ་སྤྲོད་བརྟན་པོ་ཡོད་པ་རེད།

    སྐྱེ་ཁམས་སྲུང་སྐྱོང་ཐད། 2026ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་ཉ་རིགས་སྐྱེ་འཕེལ་དང་གློད་གཏོང་ལ་མ་དངུལ་སྒོར་ཁྲི་515བཏང་བ་དང་། ཉ་ཁྲི་403.16སྐྱེ་འཕེལ་དང་གློད་གཏོང་གི་ལས་འགན་ཞིབ་བཤེར་གཏན་འཁེལ་བྱས་པ་དང་འབྲེལ་ཚན་རིག་དང་མཐུན་པའི་སྒོ་ནས་རྫོང(གྲོང་ཁྱེར་དང་ཆུས)ཁག་ཏུ་བགོ་བཤའ་བརྒྱབ་ཡོད། མིག་སྔའི་བར་ཡར་ཀླུང་གཙང་པོའི་སྨན་གླིང་དུམ་བུ་དང་། ཉང་ཆུ། ཕྲེད་ལུང་གཙང་པོ་སོགས་གཙོ་གནད་ཆུ་ཁོངས་སུ་རིམ་རྩིས་བརྒྱབ་ན་ཉ་ཁྲི་269.8གློད་པས། ཉ་ལས་ཐོན་ཁུངས་བདག་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་ལ་མཐུན་སྦྱོར་སྐུལ་འདེད་ཐེབས་ཡོད།

    རྣམ་གྲངས་ཀྱི་འདེགས་སྐྱོར་ཐད། ཉིང་ཁྲི་གྲོང་ཁྱེར་གྱིས་ཉ་ལས་འཕེལ་རྒྱས་དང་སྣུམ་རིན་ཁ་གསབ་མ་དངུལ་སྒོར་ཁྲི་6559བརྩོན་ལེན་བྱས་ནས་མ་དངུལ་སྒོར་ཁྲི་705བཏང་བའི་བྲག་ཡིབ་ཆུས་ཀྱི་དཔལ་འབྱོར་ཚྭ་མེད་ཆུའི་ཉ་གསོ་ཚགས་རྣམ་གྲངས་དང་། སྒོར་ཁྲི་154བཏང་བའི་ཆུའི་ཐོན་རྫས་ཐོག་མའི་ལས་སྣོན་དང་དེ་བཞིན་གྲང་ཉར་སོས་ཉར་སྒྲིག་བཀོད་ཀྱི་ཁ་གསབ་རྣམ་གྲངས་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་བ་རེད། སྣང་རྫོང་གི་ས་མཐོའི་སྐྱེ་ཁམས་ཆུ་འཁོར་རྒྱུག་གསོ་ཚགས་རྒྱས་སྐྲུན་རྣམ་གྲངས་ཀྱིས་ནོར་སྲིད་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་2000རེ་ཞུ་བྱེད་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།