བོད་ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་རྣམ་པ་ཐེངས་དང་པོ་སྤྱད་ནས་ཕྱི་རོལ་གྱི་མེ་ཁུངས་དོ་དམ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཚད་ལྡན་དུ་བཏང་བ།
ལྗོངས་ཡོངས་ཀྱི་ནགས་ཚལ་རྩྭ་ཐང་གི་ཕྱི་རོལ་མེ་ཁུངས་དོ་དམ་ལས་དོན་དུས་མཚམས་གསར་པར་སླེབས་པ།
ཉེ་ཆར། ལྗོངས་འཕྲལ་སྡོམ་དོ་དམ་ཐིང་དང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་མཉམ་དུ《བོད་རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཁུལ་གྱི་ཕྱི་རོལ་མེ་ཁུངས་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཀྲམ་པ་དེ་ཟླ་8ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་གོ་ཆོད་དུས་ཡུན་ལོ་གསུམ་ཡིན་པ་རེད། དེ་ནི་བོད་ཀྱིས་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་རྣམ་པ་ཐེངས་དང་པོ་སྤྱད་ནས་ཕྱི་རོལ་གྱི་མེ་ཁུངས་དོ་དམ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཚད་ལྡན་དུ་བཏང་བ་དེ་ཐོག་ནས་ལྗོངས་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་ཕྱི་རོལ་གྱི་མེ་ཁུངས་དོ་དམ་ལས་དོན་དུས་མཚམས་གསར་པར་སླེབས་པ་མཚོན་གྱི་ཡོད།
《བྱ་ཐབས》ལ་ཁྱོན་དོན་ཚན་20ཡོད་པའི་ནང་། དམིགས་ཡུལ་དང་གཞི་འཛིན་ས་དང་། སྤྱོད་འཐུས་ཁྱབ་ཁོངས། དོ་དམ་རྩ་དོན། འགན་འཁྲི་ལས་བགོས། མེ་སྤྱོད་ཚད་གཞི། ཆད་གཅོད་བྱ་ཐབས་སོགས་ཚུད་ཡོད་པ་དང་། དེའི་དམིགས་ཡུལ་ནི་མིས་རྐྱེན་པའི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ལ་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱ་རྒྱུ་དེ་རེད། 《བྱ་ཐབས》ནང་། འཁོར་འབྲེལ་ཧྲིལ་པོའི་མེ་ཁུངས་དོ་དམ་ཚོད་འཛིན་མ་ལག་ནུས་ཤུགས་ཡོད་རྒུས་བཏོད་དེ་ས་ཁོངས་དང་། བྱེད་པོ། བརྡ་ལན་རིམ་པ་སོགས་ལ“རྒྱུག་པ་ལེབ་རྡུང”མི་བྱེད་པར་ཁྱད་པར་ཅན་གྱི་གནད་སྨིན་དོ་དམ་ཚོད་འཛིན་བྱས་ནས་མེའི་ཉེན་ཁའི་མངོན་མེད་རྐྱེན་ངན“གྲལ་བཤེར་དང་། དག་ཐེར། ལྟ་སྐུལ། སེལ་བ”བཅས་ཀྱི་གདུབ་ཟུམ་གྲལ་བཤེར་ལམ་སྲོལ་བཙུགས་ཏེ་ཕྱི་རོལ་མེ་འགོག་གི་མཐའ་མའི་འགག་གནད་སེལ་རྒྱུ་ཡིན་པ་བསྟན་ཡོད།
《བྱ་ཐབས》ནང་ད་དུང་གྲོང་ཁྱེར་དང་ས་གནས་ཁག་གི་ཕྱི་རོལ་གྱི་མེ་ཁུངས་དོ་དམ་ཐད་ཀྱི་གསར་གཏོད་ཉམས་མྱོང་བསྡུ་ལེན་གང་ལེགས་བྱས་ནས་སྔོན་འགོག་དང་ཚོད་འཛིན་བྱེད་སྟངས་འདྲ་མིན་ཆགས་པར་བྱ་རྒྱུ་སྟེ། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ། ནགས་སྲུང་བ་བཅས“རིམ་པ་ལྔའི་དྲ་མིག་ཅན”གྱི་གནད་སྨིན་དོ་དམ་ཚོད་འཛིན་བྱེད་སྟངས་ཁྱབ་གདལ་བཏང་ནས་རི་ཁུལ་དུ་སྐྱོད་སའི་ལམ་ཁར་མེ་ཁུངས་དོ་དམ་སྒམ་སྒྲིག་སྦྱོར་བྱས་ཏེ་ཨང་རྟགས་བཤེར་ནས་ཐོ་འགོད་དང་མེ་སོན་བསྡུ་རྒྱུ་དང་། ཆབ་མདོ་གྲོང་ཁྱེར་གྱིས“ལྷུ་ཚིགས་བདུན་མཉམ་སྒྲུབ”གྱི་བཅོས་སྒྲིག་མ་ལག་ཁྱབ་གདལ་བཏང་ནས་རིག་ལྡན་ནགས་དཔོན་དོ་དམ་ལས་སྟེགས་བསྐྲུན་རྒྱུ་མ་ཟད། རྒྱལ་ལམ་རྒྱུད་དུ་རྒྱང་བསྒྲགས་སྒྲིག་སྦྱོར་བྱས་ཏེ་མེ་འགོག་ཤེས་བྱ་ཁྱབ་གདལ་གཏོང་རྒྱུ། ནག་ཆུ་གྲོང་ཁྱེར་གྱིས“རླངས་འཁོར་ལ་སྡོད་པ་དང་། རྐང་ཐང་མར་སྐྱོད་པ། མི་མེད་གནམ་གྲུ་སྤྱོད་པ”བཅས་ཕྱོགས་གསུམ་གཞི་གཅིག་ཅན་གྱི་སྐོར་གཡེང་བྱེད་སྟངས་སྤྱོད་རྒྱུ། སྨན་གླིང་གྲོང་ཁྱེར་གྱིས“མཐའ་དྲུག་འཁོར་དྲུག”གི་ཚད་ལྡན་ཅན་གྱི་ནགས་ཚལ་གྱི་མེ་ཟོན་གཙང་བཟོ་བྱེད་སྟངས་ཁྱབ་གདལ་བཏང་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྲིད་འཛིན་ཆད་གཅོད་དབང་ཆ་ཁག་12ཤང་དང་གྲོང་རྡལ་ལ་སྤྱོད་རྒྱུའི་མངགས་བཅོལ་བྱ་རྒྱུ་བཅས་རེད།
གོམ་སྟབས་རྗེས་མར། འབྲེལ་ཡོད་སྡེ་ཚན་གྱིས《བྱ་ཐབས》ཀྱི་ནང་དོན་དྲིལ་བསྒྲགས་གསོ་སྦྱོང་དང་ལྟ་སྐུལ་ཞིབ་བཤེར་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབས་ནས། བཀོལ་སྤྱོད་ཐུབ་པ་དང་། དོན་འཁྱོལ་ཐུབ་པ། ཕན་འབྲས་དངོས་ཐོན་པ་བཅས་འགན་ལེན་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་དུ་མེ་སྐྱོན་ཚབས་ཆེན་དང་ཆེས་ཚབས་ཆེན་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ནས། གངས་ལྗོངས་ས་མཐོའི་རི་སྔོན་ཆུ་དྭངས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་ཏན་ཏིག་གཏོང་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།