དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དངོས་སྒྲུབ་ནི་རྒྱུག་འབོར་གསོག་པའི་མན་ངག་ཡག་ཤོས་རེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དཔལ་ལྡན་ཆོས་གྲགས། ཝང་དབྱི་ཧྥེ།   |     སྤེལ་དུས།  2026-07-25

    ལེ་ཚན་གཏོད་པའི་གཏམ།

    ནས་ཀྱི་རྩ་བ་ས་མཐོར་ཚུགས། ཟོལ་མེད་བབ་ཆགས་ནུས་པ་ཆེ། ས་མཐོར་གཞི་ཚུགས་དཔྱད་གཏམ་ཐུང་ངུ་སྤེལ། དངོས་སྒྲུབ་དོན་གཉེར་རྣམ་པ་གསར་པ་བརྩོན། དེ་རིང་ནས་བཟུང་། འདི་ག་ཚགས་པར་གྱིས“ནས་ཀྱི་དཔྱད་གཏམ་ཐུང་ངུ”ཡི་ལེ་ཚན་བཏོན་ནས། བོད་ཀྱི་དམངས་འཚོའི་གླེང་མང་བའི་གནད་དོན་དང་རྒྱལ་ཡོངས་ཀྱི་སྤྱི་པའི་གྲོས་གཞིར་དམ་པོར་དམིགས་ཏེ། “མགྱོགས་པོ་དང་། གནད་འཁེལ། གསར་པ། དྲོ་སྐྱིད”བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་བབ་ཆགས་ཤིང་གནད་ལ་འཁེལ་བའི་སྐད་ཆར་བརྟེན་ནས་དོན་དངོས་ལ་དབྱེ་ཞིབ་བྱེད་པ་དང་། གངས་ལྗོངས་འཕེལ་རྒྱས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། འབད་འབུངས་ཡར་བརྩོན་གྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ་བཅས་བྱེད་ཀྱི་ཡིན། ང་ཚོས་ཕྱི་རོལ་ཡུལ་གྱི་རྗེས་དཔག་དང་ཁོང་ཡངས་སྒོ་དབྱེའི་རྣམ་འགྱུར་ལ་བརྟེན་ནས་གཙོ་རྒྱུན་གླེང་ཕྱོགས་ཁྲོད་གཙོ་རྒྱུན་རིན་ཐང་དར་སྤེལ་ཧུར་ཐག་བཏང་སྟེ་གླེང་ཕྱོགས་ཀྱི་གླེང་མང་བ་དང་། སྤྱི་ཚོགས་ཀྱི་དོ་ཁུར་ཆེ་ཤོས། སྤྱི་དམངས་ཀྱི་དོ་ཁུར་བྱེད་ས་བཅས་ལ་ས་མཐོའི་ཚགས་པར་གཉེར་མཁན་གྱི་བསམ་གཞིག་དང་རྣམ་འགྱུར་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱ་རྒྱུ་ཡིན་པས་དོ་ཁུར་ཡོད་པར་ཞུ།

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ལྷ་རྩེ་ཤང་གི་གཞུང་ཕྱོགས་ཨང་རྟགས“ཞི་མཐུན་ལྷ་རྩེ”ཞེས་པ་དྲ་བ་ཡོངས་སུ་སྐད་གྲགས་ཆོད་ཅིང་། དྲ་གྲོགས་མི་ཉུང་བ་ཞིག་གིས་ཤང་གི་ལས་བྱེད་པའི་རྒྱུན་གཏན་གྱི་འགན་སྒྲུབ་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།

    ཆེད་ལས་སྒྲིག་ཆས་དང་ཁྱབ་སྤེལ་ཚོགས་པ་མེད་ལ། བརྙན་ཤེལ་སྤུས་ལེགས་དང་ལེ་ཚན་སྒྲིག་འགོད་ཀྱང་མེད་པར་ཤང་གི་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་དམངས་འཚོའི་གནད་དོན་གྲལ་བཤེར་བྱེད་པའི་རྒྱུན་གཏན་གྱི་གནས་ཚུལ་ཇི་མ་ཇི་བཞིན་ཟིན་ཐོར་བཀོད་པ་ཞིག་རེད། བརྙན་ཐུང་དེ་དག་ལ་གྲོས་བསྡུར་རྒྱ་ཁྱབ་བྱེད་དོན་གང་ཡིན་ནམ།

    པར་ཆས་ནང་ཤང་གི་ལས་བྱེད་པ་རི་ལམ་དང་ཞིང་དུད་དུ་སྦག་སྦག་བཞོན་པའམ་རྐང་ཐང་མར་འདམ་རྫབ་ཁྲོད་འགྲོ་སྐྱོད་བྱེད་པའི་རྣམ་པ་ལས་རང་གི་ཕྱིའི་རྣམ་པར་དང་དོད་བྱས་ནས་སྡོད་མཁན་ཡེ་ནས་མཐོང་རྒྱུ་མེད་ལ། མང་ཚོགས་ཀྱི་རེ་ཞུར་ཐད་ཀར་ཕྱོགས་ནས་ས་ཡུལ་དངོས་ལ་གཞུང་དོན་སྒྲུབ་པ་ལས་འཁྲབ་ཚིག་རྣམ་པའི་གཏམ་བརྗོད་ཡེ་ནས་ཐོས་རྒྱུ་མེད། བཅོས་མིན་གྱི་དངོས་ཡོད་ཚོར་སྣང་དང་ས་གནས་ས་ཐོག་གི་ཚོར་སྣང་དེ་རིགས“རྒྱུག་འབོར་དུས་རབས”ཀྱི་ཆེས་དཀོན་པའི་ཡིད་དབང་འཕྲོག་ཤུགས་སུ་གྱུར་ཡོད། མི་རྣམས་ཀྱི་ཐུན་མོང་ཐོག་བརྩེ་བ་འཆང་ཡུལ་ནི“འཁྲབ་གཞུང”ནང་གི་རྒྱན་སྤྲོས་བྱས་མེད་པའི་ལྷག་བསམ་རྣམ་དག་དང་། ཞེན་པ་ལོག་ས་ནི་ཕྱི་ཚུལ་རིང་ལུགས་དང་ནུས་མེད་ནང་ཟད་དག་རེད་ལ། དངོས་སུ་སྒྲུབ་མཁན་དང་། འགན་འཁྲི་འཁུར་མཁན། བརྟན་སྲུང་བྱེད་མཁན་བཅས་ལ་སེམས་གཏིང་ནས་བསྔགས་བརྗོད་བྱེད་ཀྱི་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་ནས། ཕྱི་ཚུལ་ནས་བྱ་བ་སྒྲུབ་པ་དང་ཕྱི་མཛེས་ནང་སྟོང་མི་བྱེད་པར་གནད་དོན་ཡོ་བསྲང་ནན་པོ་དང་འཕེལ་རྒྱས་དོན་གཉེར་ཏན་ཏིག་བྱེད་དགོས་པའི་ནན་བཤད་བྱས་ཡོད། “ཞི་མཐུན་ལྷ་རྩེ”ཞེས་པ་སྐད་གྲགས་ཆོད་པ་དེ་ཐོག་ནས་དངོས་སྒྲུབ་ནི་བབ་ཆགས་ཤོས་ཀྱི་བརྟག་ཐབས་སྨྲ་བ་དང་ཆེས་བརྟན་ཤོས་ཀྱི་རྒྱུག་འབོར་གསོག་པའི་མན་ངག་ཡག་ཤོས་རེད། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི“ཐབས་མཆོག”ཅིག་དེ་བས་ཡིན་པ་གསོན་ཉམས་དོད་པོར་མཚོན་ཡོད། རྒྱང་ལམ་གསར་པར་གོམ་ཞེང་ཆེན་པོས་བསྐྱོད་དེ“དོན་ཆེན་བཞི”དོན་འཁྱོལ་ལ་ཤུགས་རྒྱག་པ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར། ཏང་ཡོན་ལས་བྱེད་པས་ངེས་པར་དུ་དོན་སྟོང་དོར་ནས་དངོས་སྒྲུབ་ལ་བརྩི་མཐོང་བྱས་ཏེ། “ཚ་ཚ་འུར་འུར་གྱི་ཕྱི་ཚུལ་རྣམ་པས་ཏན་ཏན་ཏིག་ཏིག་གི་དོན་འཁྱོལ་གྱི་ཚབ་བྱེད་པ་དང་། བཀྲག་མདངས་འཚེར་བའི་ཕྱི་ཚུལ་ལ་བརྟེན་ནས་འགལ་ཟླ་དང་གནད་དོན་འགེབས་རྒྱུ”གཏན་འགོག་མཐའ་གཅིག་ཏུ་བྱས་ནས། ལས་སྒྲུབ་ཀྱི་གོམ་སྟབས་ལ་བརྟེན་ནས་དམངས་འཚོའི་ལས་ཀའི་སྤུས་ཚད་ལ་ཚད་འཇལ་བྱེད་པ་དང་དངོས་སྒྲུབ་ལ་བརྟེན་ནས་འགན་འཁྲི་འཁུར་སེམས་གསལ་འགྲེལ་བྱས་ཏེ། ང་ཚོའི་བྱ་གཞག་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་གོམ་སྟབས་རེ་རེ་བཞིན་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།