པེ་ཅིང་དང་ཅང་སུའུ་ཡིས་རྒྱུན་མཐུད་མཐུན་རྐྱེན་སྦྱར་ནས་ཁ་གཏད་རོགས་སྐྱོར་གྱི་གྲུབ་འབྲས་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་སུ་འགྱུར་བར་སྐུལ་འདེད་བཏང་བ།
ས་མཐོར་བརྩེ་བ་ཟབ་མོ་བཅངས། གནའ་གྲོང་ལྷ་སའི་རྣམ་པ་གསར།
བོད་སྐྱོར་ལས་དོན་རྒྱུན་མཐུད་སྤེལ། ས་མཐོར་རྣམ་པ་གསར་པ་མངོན། པེ་ཅིང་དང་ཅང་སུའུ་ནས་ལྷ་ས་བར་ལམ་ཐག་རིང་མོད། འོན་ཀྱང་ཉེ་བའི་ལོ་ཤས་རིང་ས་གནས་གཉིས་ཀྱིས་ལྷ་སར་ཁ་གཏད་རོགས་སྐྱོར་བྱེད་མཚམས་གཏན་ནས་འཇོག་མྱོང་མེད་པས་ཕན་ཚུན་དབར་འབྲེལ་འདྲིས་ཟབ་ཏུ་ཕྱིན་ཡོད།
བོད་སྐྱོར་གྱི་གྲུབ་འབྲས་ས་མཐོར་སྲ་བརྟན་དུ་སོང་བ་དང་བསྟུན་ཏེ་ལྷ་སས་ཁ་གཏད་རོགས་སྐྱོར་གྱི་སྟོབས་ཤུགས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་སུ་རིམ་བཞིན་སྒྱུར་ཡོད།
ས་མཐོའི་ཁྱད་ཆོས་ལྡན་པའི་འཁོར་འབྲེལ་ཧྲིལ་པོའི་འཕེལ་རྒྱས་མ་ལག་བཏོད་པ།
སྙེ་མོ་རྫོང་ཐོན་མིའི་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་པེ་ཅིང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་ནང་འདྲེན་བྱས་པའི་སྤུས་ལེགས་འབྲི་ཏ་ས་འཛིན་དང་ས་མཐོའི་སེའུ་དམར་ལ་འབྲས་བཟང་བཏགས་ཡོད་པ་རེད། 2025ལོའི་ལོ་སྟོད་དུ་འབྲི་ཏ་ས་འཛིན་ཁོ་ནར་ཐོན་ཚད་རྒྱ་མ་ཁྲི་1.66ཟིན་པ་དང་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་29.7ཟིན་ཡོད། ས་གནས་དེ་གའི་ཞིང་འབྲོག་པར“ཞོག་ཁོག་འདེབས་པ”ནས“འབྲི་ཏ་ས་འཛིན་འདེབས་པའི”བར་ཡོང་འབབ་ལྡབ་གཅིག་འཕར་ཡོད། “ང་ཚོས་ནང་འདྲེན་བྱས་པ་ནི་སྤུས་ལེགས་འབྲི་ཏ་ས་འཛིན་དང་སེའུ་དམར་ཆེན་སོགས་ཡིན་པ་མ་ཟད། ད་དུང་ལེ་ལག་ཚང་བའི་ལག་རྩལ་ཡང་སློབ་ཀྱི་ཡོད”ཅེས་ཁག་བཅུ་པའི་པེ་ཅིང་གི་བོད་སྐྱོར་ལས་བྱེད་པ་དང་སྙེ་མོ་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉིའུ་ཡའོ་ཆི་ཡིས་བརྗོད། ལག་རྩལ་དེ་དག་སྟབས་བདེ་པོས་འདྲ་སྤོས་བྱས་པ་མ་ཡིན་པར་ས་མཐོར་འཕྲོད་པའི་ལེགས་བཅོས་བརྒྱུད་དྲོད་ཁང་ཆེ་མོའི་དཔལ་འབྱོར་གངས་ལྗོངས་སུ་དངོས་འབྲེལ་རྩ་བ་ཚུགས་པར་བྱས་ཡོད།
2025ལོའི་ཟླ་9པར། “མལ་གྲོའི་ལེའུ་གསར་པ། ལོ་ངོ་དྲུག་ཅུའི་བསྟོད་གླུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2025ལོའི་མལ་གྲོ་གུང་དཀར་གྱི“སྲོང་བཙན”རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་པད་ཁའི་སྣུམ་ཉོ་བའི་གན་འཇོག་མཛད་སྒོ་འཚོགས་པ་མ་ཟད། ད་དུང“ཞིང་པར་རོགས་སྐྱོར་གྱི་ཐད་གཏོང་ཁང”ཡང་བཙུགས་པ་རེད། མལ་གྲོ་གུང་དཀར་ཞིང་འབྲོག་ལས་ས་གཙང་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལས་དོན་པ་དཀོན་མཆོག་སྨིན་དྲུག་གིས“ང་ཚོས་ཐད་གཏོང་བྱེད་དོན་གཙོ་བོ་ནི་ས་གནས་དེ་གའི་པད་ཁའི་སྣུམ་འོས་སྦྱོར་བྱེད་ཆེད་ཡིན། འཛད་སྤྱོད་པ་མང་པོ་ཞིག་གིས་ས་མཐོའི་པད་ཁའི་སྣུམ་གྱི་སྤུས་ཚད་ཡག་པོ་དེ་འདྲ་ཡོད་པ་ཤེས་མ་ཐག་རེད”ཐད་གཏོང་ལ་བརྟེན་ནས་མལ་གྲོའི་པད་ཁའི་སྣུམ་མང་པོ་བཙོངས་པར་རིམ་རྩིས་བརྒྱབ་ན་ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི་2000ལྷག་ཙམ་བྱུང་ཡོད།
པེ་ཅིང་གི་བོད་སྐྱོར་བཀོད་འདོམས་པུས“ཡུལ་སྐོར”ཚོགས་ཆུང་ཆེད་མངགས་བཙུགས་ནས་རིག་གནས་ཡུལ་སྐོར་གྱི་བརྗོད་དོན་གཙོ་བོའི་འོས་སྦྱོར་ཚོགས་འདུ་ཐེངས་མང་འཚོགས་ཏེ“ཅིང་བོད་རྟགས་ཅན”གྱི་ཡུལ་སྐོར་མེ་འཁོར་3ཤར་གཏོང་བྱས་པ་རེད། པེ་ཅིང་གིས་ལྷ་སར་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱི་ཡན་ལག་ཚོགས་ར་འཛུགས་པར་མུ་མཐུད་རྒྱབ་སྐྱོར་བྱས་པ་དང་། ཅང་སུའུ་ཡི་བོད་སྐྱོར་བཀོད་འདོམས་པུས་ལྷ་སར་ལྗོངས་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་ཚད་གཞི་ཐོག་མ་བཟོ་རོགས་བྱས་པ་མ་ཟད། ནན་ཐུང་གྲོང་ཁྱེར་དུ་ལྷ་སའི་གྲངས་འཛིན་དཔལ་འབྱོར་གྱི་ཆེད་དོན་ཚོང་འགུགས་ཚོགས་འདུ་ཡང་འཚོགས་པ་རེད།
སྨན་བཅོས་དང་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ལ་ཚད་བརྒལ་བྱུང་བ།
པེ་ཅིང་གི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་འགོ་བཙུགས་ཚུན། པེ་ཅིང་གི་སྨན་པ་ཁག་དང་ཁག་བྱས་ནས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཡོང་ཡོད། “སྨན་ཁང་གིས་ཚན་ཁག་འགན་གཙང་ལེན་སྟངས”བརྒྱུད་སྨན་ཁང་གི་ནད་ཐོག་སྨན་བཅོས་ཀྱི་ཚན་ཁག་ལ་རྒྱུན་མཐུད་རོགས་སྐྱོར་ཐོབ་ནས་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་རྒྱུན་ཆད་མེད་པར་དོན་འཁྱོལ་བྱུང་ཡོད།
བོད་སྐྱོར་ཚོགས་པའི་རྒྱུན་མཐུད་རོགས་སྐྱོར་འོག་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ལ་སྨན་ཁང་དེས་གསོ་སྐྱོང་བྱས་པའི་ས་གནས་དེ་གའི་འཇུ་ལམ་ཚན་ཁག་གི་འབུམ་རམས་པ་ཡོད་པ་རེད། རོགས་སྐྱོར་ཐོབ་པའི་སྨན་ཁང་གི་སྨན་པས་རྒྱུན་མཐོང་ནད་དང་། ཐོན་མང་བའི་ནད་གཞི། དེ་བཞིན་ནད་གཞི་ལྕི་པོ་བཅས་ཀྱི་ནད་བརྟག་སྨན་བཅོས་བྱེད་ནུས་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
2025ལོར་ཀྲུང་གོའི་པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་ཐོན་ལས་འགྲེམས་ཚོགས་ཐོག་རང་ཚུགས་ཀྱི་འགྲེམས་ཁང་འཛུགས་རྒྱུར་ལྷ་སར་གདན་ཞུའི་ཆོག་མཆན་ཐོག་མར་ཐོབ་སྟེ་ཀྲུང་ཀོན་གྲོང་ཚོའི་རིག་ནུས་ཚན་རྩལ་འཕེལ་རྒྱས་ཀྱི་སྐུལ་སྤེལ་ཚོགས་འདུར་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་མང་པོ་ཞིག་ལ་མིང་རྟགས་བཀོད་པ་དང་། ཅང་སུའུ་ཡི་བོད་སྐྱོར་བཀོད་འདོམས་པུས“ཅང་སུའུ་ཡི་མཐོ་སློབ་དང་ཚན་ཞིབ་ཁང་ལྷ་སར་སྐྱོད་པའི་འཆར་གཞི”ལག་བསྟར་བྱས་ནས་འགག་རྩའི་ལག་རྩལ་གྱི་དཀའ་གནད་ཁག་གཅིག་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཡོད།
ས་གནས་དེ་གའི་ཤེས་ལྡན་པ་སྐྱེད་སྲིང་གི་ཕུགས་ཕན་ལམ་སྲོལ་བཏོད་པ།
2025ལོའི་མཐོ་རྒྱུགས་ཁྲོད་དུ་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དང་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གིས་བློ་ཡིད་ཚིམ་པའི་གྲུབ་འབྲས་གསལ་ཐོ་གཉིས་ཕུལ་བ་སྟེ། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་མཐོ་རྒྱུགས་ཀྱི་སློབ་རིམ་འཕར་ཚད་99.8%དང་དངོས་གཞིའི་ཚན་ཁག་ལ་རྒྱུགས་འཕྲོད་ཚད་95.1%ཟིན་པ་དང་། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་མཐོ་རྒྱུགས་ཀྱི་སློབ་རིམ་འཕར་ཚད་99.84%དང་དངོས་གཞིའི་ཚན་ཁག་ལ་རྒྱུགས་འཕྲོད་ཚད་93.75%ཟིན་ཡོད།
“པེ་ཅིང་གི་བོད་སྐྱོར་དགེ་རྒན་དང་ས་གནས་དེ་གའི་དགེ་རྒན་དབར‘དགེ་རྒན་དང་དགེ་ཕྲུག་ཆ་སྒྲིག’བྱས་ནས་བོད་སྐྱོར་དགེ་རྒན་ཁྱོན་200ལྷག་ཙམ་ཞུགས་པར་ས་གནས་དེ་གའི་དགེ་རྒན་གྱི་སློབ་ཁྲིད་ཀྱི་འགྲན་བསྡུར་སྣ་ཚོགས་ཁྲོད་བྱ་དགའ་ཁག་200ལྷག་ཙམ་ཐོབ་ཡོད། སློབ་གྲྭས་ད་དུང་དུས་བཀག་ལྟར་པེ་ཅིང་ནས་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་གསོ་སྦྱོང་བྱས་པ་མ་ཟད། ས་གནས་དེ་གའི་དགེ་རྒན་པེ་ཅིང་དུ་ལས་ཐོག་སློབ་སྦྱོང་བྱེད་པར་སྒྲིག་འཛུགས་བྱས་ཡོད”ཅེས་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གིས་ཀྱང་ཅང་སུའུ་ཡི་སློབ་ཁྲིད་བྱེད་སྟངས་སྤྱད་པ་དང་བོད་སྐྱོར་དགེ་རྒན་དང་ས་གནས་དེ་གའི་དགེ་རྒན་ཆ་སྒྲིག་རོགས་སྐྱོར་བྱས་ཏེ། ས་མཐོའི་དོན་དངོས་དང་ཟུང་འབྲེལ་གྱིས“སློབ་ཁྲིད་ཟིན་བྲིས་འགོད་པ་དང་རང་སྦྱོང་མཛུབ་ཁྲིད”ལག་བསྟར་བྱས་ནས་སློབ་མས་སློབ་ཚན་གོང་ལ་གྲ་སྒྲིག་ཡོད་པ་དང་སློབ་ཚན་ཐོག་གཙོ་གནད་གང་ཡིན་ངོས་འཛིན་ཐུབ་པར་བྱས་ཡོད།
འབྲི་ཏ་ས་འཛིན་ལས་ཞིང་འབྲོག་པའི་ཡོང་འབབ་མང་དུ་སོང་བ་དང་། ལག་རྩལ་གསར་པས་མང་ཚོགས་ལ་ཕན་པ་ཐོབ་པ། སློབ་ཚན་ཡག་པོས་མི་རབས་རྗེས་མའི་འཚར་ལོངས་ཀྱི་ལམ་བུ་གསལ་ཡོད། དེང་གི་ལྷ་སར་བོད་སྐྱོར་གྱི་ཚ་རླབས་ཤིག་འཕྱུར་བ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་སུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།