ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།
《དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བསམ་འཆར》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་23ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ནས། དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་ལུགས་བཀོད་སྒྲིག་བྱས་པ་རེད།
《བསམ་འཆར》ནང་བསྟན་དོན། སྤྱི་ཚོགས་ལས་དོན་ནི་ཏང་དང་རྒྱལ་ཁབ་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། དེ་ནི་ཏང་གི་ཡུན་རིང་སྲིད་སྐྱོང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་མི་དམངས་བདེ་སྐྱིད་ཁམས་བདེ་དང་ཡང་འབྲེལ་བ་ཡོད། དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་ལ་ཤུགས་སྣོན་རྒྱག་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཏང་གིས་སྤྱི་ཚོགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། མཉམ་སྐྲུན་མཉམ་བཅོས་དང་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དཔལ་འབྱོར་རྩ་འཛུགས་དང་། སྤྱི་ཚོགས་རྩ་འཛུགས། ལས་ཞུགས་ཚོགས་སྤྱི་བཅས་གསར་པའི་ཏང་འཛུགས་སྐྱོང་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ། གསར་དར་ཁྱབ་ཁོངས་སུ་ཏང་གི་འབོད་སྐུལ་བྱེད་ནུས་དང་། གོང་བུ་འགྲིལ་ནུས། ཤུགས་རྐྱེན་ཐེབས་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་ལ་སྣེ་ཁྲིད་ཡག་པོ་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་གཅིག་སྡུད་ཐོག་ཡག་པོ་སྒྲུབ་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་བུར་སྐྱོད་པ། དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། ཕན་འབྲས་ཆེ་བའི་བཅོས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་ཡག་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་ཞུ་དང་འགན་སྲུང་དེ་བས་ཡག་པོ་བྱེད་དགོས།
《བསམ་འཆར》ནང་བླང་བྱ་བཏོན་དོན། ཏང་གིས་སྤྱི་ཚོགས་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས། སྤྱི་ཚོགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་བསྟར་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དེ་རིམ་ཁག་ཏང་ཨུད(ཏང་ཙུའུ)རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་གི་ནང་དོན་གལ་ཆེན་ལ་བརྩིས་ནས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དང་སྤྱི་ཚོགས་ལས་དོན་པའི་གསོ་སྦྱོང་གི་ནང་དོན་དུ་འཇུག་དགོས། སྤྱི་ཚོགས་ལས་དོན་ཁྱབ་ཁོངས་ཀྱི་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་སྒྲོག་འགྲེལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་གསེབ་དང་། སྡེ་ཁུལ། ཁེ་ལས། དཔལ་འབྱོར་རྩ་འཛུགས་དང་། སྤྱི་ཚོགས་རྩ་འཛུགས། ལས་ཞུགས་ཚོགས་སྤྱི་བཅས་གསར་པ་སོགས་སུ་ཁྱབ་པར་སྐུལ་འདེད་གཏོང་དགོས། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། ཏང་ཨུད་སྤྱི་ཚོགས་ལས་དོན་སྡེ་ཚན་གྱིས་སྤྱི་འདོམས་མཐུན་སྦྱོར། འབྲེལ་ཡོད་སྡེ་ཚན་གྱིས་མཉམ་ལས་གཞོགས་འདེགས། སྤྱི་ཚོགས་སྟོབས་ཤུགས་རྒྱ་ཁྱབ་ཞུགས་པ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་སྤྱི་ཚོགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་དུས་བཀག་ལྟར་ཞིབ་འཇུག་བཀོད་སྒྲིག་བྱས་ནས། གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས།
《བསམ་འཆར》ནང་བླང་བྱ་བཏོན་དོན། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཏང་གི་རྩ་འཛུགས་དང་ལས་དོན་ཁྱབ་ཚད་མཐོང་རྒྱུ་ཡོད་ལ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་རྩ་འཛུགས་གསར་པའི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་བ། དྲ་སྦྲེལ་ལས་སྟེགས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ། ཚན་རྩལ་གསར་གཏོད་རྣམ་པའི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཐབས་ལམ་གསར་པ་འཚོལ་ཞིབ། དབང་བའི་ལམ་ལུགས་འདྲེས་མའི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་རིགས་དབྱེ་མཛུབ་ཁྲིད་བྱེད་པར་ཤུགས་སྣོན། དོན་དངོས་དང་ཟུང་འབྲེལ་གྱིས་ཕྲན་ཚེགས་ཁེ་ལས་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་། ཆེད་ལས་ཁྲོམ་ར་བཅས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྤྱི་ཚོགས་རྩ་འཛུགས་གསར་པའི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་རྩ་འཛུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཚོགས་པ་དང་། ཐེབས་རྩ་ལྷན་ཚོགས། སྤྱི་ཚོགས་ཞབས་ཞུའི་སྒྲིག་གཞི། སྤྱི་ཚོགས་མཚམས་སྦྱོར་རྩ་འཛུགས་བཅས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཤང་དང་གྲོང་རྡལ(ཁྲོམ་གཞུང)དང་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས་གཞི་རིམ་བཅོས་སྐྱོང་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནང་ཞུགས་པར་རྒྱབ་སྐྱོར་བྱེད་དགོས། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་སྐབས་བརྗེ་ཚད་ལྡན་དང་འགན་འཁུར་བའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། ལས་རིགས་ཀྱི་སྤྱོད་ཚུལ་བཅོས་སྒྲིག་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། ལས་ཞུགས་ཚོགས་སྤྱི་གསར་པའི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། ལས་ཞུགས་ཚོགས་སྤྱི་གསར་པའི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་དང་། ལས་ཞུགས་ཚོགས་སྤྱི་གསར་པར་གཅེས་སྐྱོང་དང་གོང་བུ་གཅིག་འགྲིལ་དང་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་རྒྱག་པ། དྲ་སྦྲེལ་ལས་སྟེགས་ཀྱི་རྩིས་ཐབས་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། ལས་ཞུགས་ཚོགས་སྤྱི་གསར་པའི་ཁྱད་ཆོས་དང་མཐུན་པའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་ལ་ཤུགས་སྣོན་རྒྱག་དགོས།
འབྲེལ་ཡོད་གསར་འགྱུར།