དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2026-07-24

    སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་རྨང་གཞི་ནི་རྨང་གཞིའི་སློབ་གསོར་ཐུག་ཡོད།

    “ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་དགོས”ཞེས་དང་། “རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས”ཞེས། ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨང་གཞིའི་སློབ་གསོའི་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རྨང་གཞིའི་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད།

    ཟླ་7ཚེས་22ཉིན། རྒྱལ་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ནས། རང་རྒྱལ་གྱི་རྨང་གཞིའི་སློབ་གསོའི་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད།

    རྨང་གཞིའི་སློབ་གསོས་རྒྱལ་དམངས་ཀྱི་སློབ་གསོའི་མ་ལག་ཁྲོད་གཞི་རྩ་དང་སྔོན་ཁྲིད་རང་བཞིན་གྱི་གནས་བབ་བཟུང་ཡོད། དེར་བརྟེན། རྨང་གཞིའི་སློབ་གསོ་ཇི་ཙམ་ཡག་པོ་གཉེར་ན་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་གྱི་གོམ་སྟབས་དེ་ཙམ་གྱིས་བརྟན་པ་དང་གཏིང་ཤུགས་དེ་ཙམ་གྱིས་ཆེ་རུ་འགྲོ་ཐུབ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨང་གཞིའི་སློབ་གསོར་ཚད་མཐོའི་མཐོང་ཆེན་གྱིས་བླང་བྱ་ཁ་གསལ་བཏོན་གནང་ཞིང་། ཁོང་གིས“རང་རྒྱལ་གྱི་རྨང་གཞིའི་སློབ་གསོ་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ལེགས་སུ་འགྲོ་བར་བྱེད་དགོས”ཞེས་ནན་བཤད་གནང་ནས། རྨང་གཞིའི་སློབ་གསོའི་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་ཡོད།

    སློབ་མའི་ཕུགས་བསམ་དང་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བར་སྣང་ཆེན་བྱེད་པའི་ཐད། “རྨང་གཞིའི་སློབ་གསོ་ནི་མི་བཟང་གསོ་སྐྱོང་གི་བྱ་གཞག་ཅིག་ཡིན་པས། དར་ཆ་གསལ་སྟོན་གྱིས་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་རྒྱག་དགོས”ཞེས་གསུངས་ཡོད།

    ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་དང་ཕྱོགས་ཡོངས་འཕེལ་རྒྱས་ལ་དོ་ཁུར་བྱེད་པའི་ཐད། “བདེ་ཐང་ཨང་དང་པོར་འཇོག་པའི་སློབ་གསོའི་འདུ་ཤེས་བཙུགས་ནས། ལུས་རྩལ་སློབ་ཚན་འདང་ངེས་བཀོད་སྒྲིག་དང་འཐུས་ཤོར་མེད་པར་འཚོག་དགོས”ཞེས་ནན་བཤད་གནང་ཡོད།

    སློབ་གསོའི་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་ཐད། “སློབ་གསོའི་སྐོར་གྱི‘གཉིས་ཡང’སྲིད་ཇུས་ལག་བསྟར་བྱེད་རིང་། ཚན་རིག་སློབ་གསོའི་ནང་དོན་མང་དུ་གཏོང་དགོས”ཞེས་ཁ་གསལ་བཏོན་གནང་ཡོད།

    དགོངས་པ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ན། སྲིད་ཇུས་རྒྱུན་མཐུད་ནས་འདོན་པ་དང་ཕྱོགས་ཁག་གིས་མཉམ་འཛིན་སྤྱི་སྒྲུབ་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ནང་ཧུར་ཐག་ཞུགས་པ། ཐབས་མང་མཉམ་སྤྱོད་ཀྱིས་རྨང་གཞིའི་སློབ་གསོ་གོང་འཕེལ་མྱུར་པོ་འགྲོ་བར་སྐུལ་འདེད་བཏང་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་འདེགས་སྐྱོར་གང་ལེགས་བྱེད་དགོས།

    “སློབ་གྲྭར་འགྲོ་རྒྱུ་ཡོད་པ”ནས“སློབ་གྲྭ་ཡག་པོར་འགྲོ་རྒྱུ་ཡོད་པའི”བར་དང་། “སྦྱོང་དུས་སློབ་མཁན་ཡོད་པ”ནས“སྦྱོང་དུས་སློབ་མཁན་ཡག་པོ་ཡོད་པའི”བར། ད་ཆ་རང་རྒྱལ་གྱི་རྨང་གཞིའི་སློབ་གསོ་ཁྱབ་གདལ་གྱི་ཆུ་ཚད་དང་མི་སྣ་གསོ་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། 2024ལོའི་ལོ་མཇུག་བར། རང་རྒྱལ་གྱི་རྨང་གཞིའི་སློབ་གསོ་འཛམ་གླིང་གི་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་དུ་བསླེབས་ཡོད།

    “འཛམ་གླིང་ཐོག་རང་རྒྱལ་གྱི་རྨང་གཞིའི་སློབ་གསོར་ལེགས་ཆ་ལྡན་པས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས”

    གདེང་ཚོད་དེ་ནི་རྒྱུན་མཐུད་རིམ་སྤོར་གྱི་སློབ་གསོ་འདྲ་མཉམ་ལས་མངོན་བཞིན་ཡོད།

    འོས་འགན་སློབ་གསོའི་རྫོང་ཁོངས་2895ལ་རིགས་ཁག་གི་སློབ་གསོའི་ཐོན་ཁུངས་གཞི་རྩའི་ཆ་ནས་དོ་སྙོམས་བྱུང་ཡོད། སློབ་ཞུགས་གོང་གི་ལོ་གཅིག་ནང་བྱིས་གསོ་དང་སློབ་གསོའི་གྲོན་དངུལ་རྩ་ཆག་གཏོང་བའི་སྲིད་ཇུས་ལས་བྱིས་པ་ཁྲི་1400ཙམ་ལ་ཕན་པ་ཐོབ་ཡོད། དགེ་རྒན་དབར་སྤེལ་རེས་དང་ལས་གནས་བརྗེ་རེས་དང་། ཚོགས་པ་ཅན་གྱི་སློབ་གཉེར་སོགས་ཀྱི་བྱེད་ཐབས་སྤྱད་དེ། གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁོངས། སློབ་གྲྭ་བཅས་དབར་གྱི་སློབ་གསོའི་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་བཏང་ཡོད། དེས་ན། “ཕྲུ་གུ་ཚང་མར་འདྲ་མཉམ་དང་སྤུས་ཚད་ལྡན་པའི་སློབ་གསོ་མྱོང་ཐུབ་པར་བྱེད་པ”མངོན་འགྱུར་ཡོང་བཞིན་ཡོད་པ་རེད།

    གདེང་ཚོད་དེ་ནི་བླ་སྲོག་གཏོད་པ་དང་སེམས་ཁམས་སྐྱོང་བ་མཉམ་འདྲེས་གཏིང་ཟབ་བྱེད་པར་གཞི་ཚུགས་ཡོད།

    རྒྱལ་ཡོངས་སུ་རྒྱལ་ཁབ་རིམ་པའི“བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེ་མོའི”ལག་ལེན་སློབ་ཁྲིད་རྟེན་གཞི་550ལྷག་ཙམ་བཙུགས་པས། “བསམ་བློ་ཆབ་སྲིད་ཀྱི་སྐོར་སྐྱོད་སློབ་ཚན”དང“ཚོགས་རའི་ནང་གི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན”གྱི་སྤུས་རྟགས་འབོར་ཆེན་ཞིག་ཆགས་ཡོད་ལ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་རྒྱུན་ཆད་མེད་པར་མི་སེམས་སུ་ཟུག་པ་དང་དུས་རབས་ཀྱི་མི་གསར་ཁག་དང་ཁག་བྱས་ནས་འཚར་ལོངས་ཡོང་བཞིན་ཡོད།

    གདེང་ཚོད་དེ་ནི་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་མི་སྣ་སྐྱོང་བའི་ལག་ལེན་ཁྲོད་ནས་བྱུང་བ་ཞིག་རེད།

    “སློབ་གྲྭ་འབྲིང་ཆུང་གི་སློབ་མས་ཉིན་ལྟར་ཕྱོགས་བསྡུས་ལུས་རྩལ་བྱེད་སྒོ་ཆུ་ཚོད་2སྤེལ་བ་དང་། སློབ་གསེང་ངལ་གསོ་སྐར་མ་15”ཞིང་ཆེན་ཁག་ཏུ་བཀོད་སྒྲིག་དང་ཁྱབ་གདལ་བཏང་ཡོད། ས་གནས་ཁག་གི་སློབ་གྲྭས་ངལ་རྩོལ་སློབ་ཚན་སྤྱིར་ན་གང་མང་བཀོད་སྒྲིག་དང་ཆ་ཚང་འཚོག་གི་ཡོད་པ་དང་། མཛེས་དཔྱོད་སློབ་གསོས་ཤན་འགོ་ཕན་སྐྱེད་ཡོང་བའི་བྱ་སྤྱོད་སྤེལ་བ། སེམས་ཁམས་བདེ་ཐང་སློབ་གསོ་ཁྱབ་གདལ་གཏོང་བ། ཚན་རིག་དང་མཐུན་པའི་སློབ་གསོའི་གདེང་འཇོག་སྟོན་ཕྱོགས་འཛུགས་པ་སོགས་བྱས་ནས“སྐར་གྲངས་གཙོ་བོ་སྨྲ་བར”འགྱུར་ལྡོག་བཏང་སྟེ། སློབ་མ་ཚོའི“ལུས་ཐོག་ཏུ་རྔུལ་ཆུ་ཡོད་པ་དང་མིག་ནང་དུ་འོད་སྣང་ཡོད་པ”བྱས་ནས། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་བྱེད་ཀྱི་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་། “མི་འབོར་གྱི་འགྱུར་ལྡོག་དང་འཚམ་པའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ”དང“རྨང་གཞིའི་སློབ་གསོའི་ཐོན་ཁུངས་སྤུས་ལེགས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད།

    སློབ་གསོའི་ཆབ་སྲིད་ཀྱི་གཏོགས་གཤིས་དང་། མི་དམངས་ཀྱི་གཏོགས་གཤིས། འཐབ་ཇུས་ཀྱི་གཏོགས་གཤིས་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་རྒྱུན་སྲིང་ལྷོད་མེད་ངང་བློ་སྦྱོང་བསླབ་སྐྱོང་བྱེད་པ། གསོ་སྐྱོང་ལྔ་མཉམ་སྤེལ་དང་གསོ་སྐྱོང་ལྔ་མཉམ་འདྲེས་མཐའ་འཁྱོངས་བྱེད་པ། སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་འཚམ་པར་བྱེད་པ། རྒྱལ་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་ལས་དོན་ཚོགས་འདུའི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ན། ཕྲུ་གུ་དུང་ཕྱུར་མང་པོར་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་ཐུབ་ལ། རང་རྒྱལ་གྱི་རྨང་གཞིའི་སློབ་གསོ་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ལེགས་སུ་འགྲོ་ངེས་རེད།

    སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་། ཏང་གི་ཇུས་ཆེན་རེད་ལ། རྨང་གཞིའི་སློབ་གསོས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཤུགས་རྐྱེན་ཐེབས་པས་དེ་ནི་སྤྱི་ཚོགས་ཡོངས་ཀྱི་བྱ་གཞག་རེད། དེས་ན། རྒྱང་ལམ་གསར་པར་རྨང་གཞིའི་སློབ་གསོ་སྤུས་ཚད་མཐོ་པོས་གཉེར་བར“གཞི་ཐིག”ལ་གཞི་ཚུགས་ཏེ་རྒྱལ་ཁབ་ཆེན་པོའི་སློབ་གསོའི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། ང་ཚོས་དེ་བས་ལེགས་པའི་སྒོ་ནས་སློབ་གསོའི་སྟོབས་ཤུགས་ལ་བརྟེན་ནས་མི་དམངས་ཀྱི་བདེ་སྐྱིད་རྩ་བ་བརྟན་དུ་གཏོང་བ་དང་སློབ་གསོའི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་གྱི་རྨང་གཞི་བརྟན་དུ་གཏོང་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།