མི་ཁྲི་2500ལྷག་ཙམ་ལ་2026ལོའི་ལོ་འཁོར་གྱི་བུ་གསོའི་ཁ་གསབ་སྤྲད་པ།
བུ་གསོའི་ཁ་གསབ་ཐེངས་དང་པོའི་རེ་ཞུ་མཚམས་འཇོག་གི་དུས་ཚོད་ད་ལོའི་ལོ་མཇུག་བར་རིང་དུ་བཏང་བ།
གསར་འགོད་པར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། 2026ལོའི་ལོ་འཁོར་གྱི་བུ་གསོའི་ཁ་གསབ་རེ་ཞུ་བྱེད་མཁན་ཁྲི་2751ཟིན་པ་དང་། ཞིབ་བཤེར་ཁས་ལེན་ཐོབ་མཁན་ཁྲི་2713ཟིན་པ། ཁ་གསབ་རག་མཁན་ཁྲི་2516ཟིན་ཡོད།
ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ནོར་སྲིད་པུས་བརྡ་ཐོ་བཀྲམ་སྟེ། 2022ལོ་ནས་2024ལོའི་བར་སྐྱེས་པའི་ཕྲུ་གུ་དམར་འབྱར་གྱི་བུ་གསོའི་ཁ་གསབ་ཐེངས་དང་པོའི་རེ་ཞུ་མཚམས་འཇོག་གི་དུས་ཚོད་2026ལོའི་ཟླ་12ཚེས་31ཉིན་བར་རིང་དུ་བཏང་ཡོད། ཆ་རྐྱེན་འཛོམས་པའི་ཕྲུ་གུ་དམར་འབྱར་ཡོད་ན། རེ་འདུན་ཞུ་མཁན་གྱིས་གཏན་འབེབས་ཀྱི་དུས་ཚོད་ནང་གཏོང་སྤྲོད་འབོ་དང་། སྐད་འཕྲིན། ཞིང་ཆེན་རིམ་པའི་སྲིད་དོན་ཞབས་ཞུ་ལས་སྟེགས་བཅས་ཀྱི་བུ་གསོའི་ཁ་གསབ་ཆ་འཕྲིན་དོ་དམ་མ་ལག་ནས“2022ལོ་ནས་2024ལོའི་བར་གྱི་རེ་ཞུའི་དུས་ཚོད་རིང་དུ་བཏང་བའི་བགྲོད་ལམ”བརྒྱུད་གོ་རིམ་བཞིན་བུ་གསོའི་ཁ་གསབ་རེ་ཞུ་བྱས་ཆོག བུ་གསོའི་ཁ་གསབ་ཀྱི་ཆ་འཕྲིན་དོ་དམ་མ་ལག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཞིང་། 2026ལོའི“མཐེབ་མནན་མཐུད་ལེན”ཞེས་པའི་བྱེད་ནུས་གསར་པ་བརྒྱུད། མང་ཚོགས་ཀྱིས་སྟབས་བདེའི་ངང་མུ་མཐུད་ཁ་གསབ་ལེན་པའི་རེ་ཞུ་བྱེད་ཆོག་གི་ཡོད།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་མི་འབོར་ལྟ་ཞིབ་ཚད་ལེན་དང་ཁྱིམ་ཚང་འཕེལ་རྒྱས་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། སྲིད་ཇུས་དེ་2025ལོའི་ཟླ་12ཚེས་31ཉིན་གོང་ལ། བུ་གསོའི་ཁ་གསབ་ཐེངས་དང་པོ་དུས་ཐོག་ཏུ་རེ་ཞུ་བྱས་མེད་པའི་2022ལོ་ནས་2024ལོའི་བར་སྐྱེས་པ་དང་བུ་གསོའི་ཁ་གསབ་ཀྱི་རེ་ཞུའི་ཆ་རྐྱེན་འཛོམས་པའི་ཕྲུ་གུ་དམར་འབྱར་ལ་སྤྱོད་ཆོག་གི་ཡོད། ཁ་གསབ་ཚད་གཞི་དང་རྒྱུན་གཏན་གྱི་རེ་ཞུའི་ཁ་གསབ་ཚད་གཞི་གཅིག་མཚུངས་ཡིན་ཞིང་། བུ་གསོའི་ཁ་གསབ་ལོ་རེ་བཞིན་སྤྲོད་རྒྱུ་དང་བུ་གསོའི་ཁ་གསབ་ཀྱི་རྒྱལ་ཁབ་ཀྱི་རྨང་གཞིའི་ཚད་གཞི་ནི་ཕྲུ་གུ་རེར་ལོ་རེར་སྒོར་3600ཡིན་པ་དང་ལོ་གསུམ་བར་སྤྲོད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།