འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་ཀྱིས་འབྱུང་འགྱུར་ཕྱོགས་གསུམ་གྱི་ལས་དོན་གཙོ་གནད་ཐོག་བསྒྲུབ་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་7ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། ཧྲང་ཧའེ་རུ《འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་འཛུགས་རྒྱུའི་སྐོར་གྱི་གྲོས་ཆོད》ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་ཤིང་། ཨེ་ཤེ་ཡ་དང་། ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་། ཡོ་རོབ་བཅས་ཀྱི་རྒྱལ་ཁབ་29ཡིས་ས་གནས་ས་ཐོག་ཏུ་གྲོས་ཆོད་ལ་མིང་རྟགས་བཀོད་ནས་གསར་གཏོད་ཁོངས་མིའི་རྒྱལ་ཁབ་ཏུ་གྱུར་པ་རེད། གསར་འགོད་པར་འབྲེལ་ཡོད་ཕྱོགས་ནས་ཤེས་རྟོགས་བྱུང་བར། དེ་ཐོག་ནས་ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་འཛུགས་པར་དར་སྤེལ་དང་སྐུལ་འདེད་གཏོང་བའི་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་མཚོན་གྱི་ཡོད། དུས་མཚམས་རྗེས་མར་ཀྲུང་གོ་ཕྱོགས་ཀྱིས་མཉམ་ལས་རྩ་འཛུགས་ཀྱི་གསར་གཏོད་ཁོངས་མིའི་རྒྱལ་ཁབ་དང་མཉམ་དུ་རྩ་འཛུགས་གང་མགྱོགས་འཁོར་སྐྱོད་ཐུབ་པར་སྐུལ་འདེད་གཏོང་རྒྱུ་རེད། འབྱུང་འགྱུར་མཉམ་ལས་རྩ་འཛུགས་ཀྱིས་ཕྱོགས་གསུམ་གྱི་ལས་དོན་གཙོ་གནད་ཐོག་བསྒྲུབ་རྒྱུ་ཡིན་པ་སྟེ།
གཅིག་ནས་མི་ཐབས་རིག་ནུས་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དེ་རྒྱལ་སྤྱིའི་མཉམ་ལས་ཀྱི་སྔོན་སྒྲུབ་དོན་ཚན་ལ་བརྩིས་ནས། སྲིད་ཇུས་སྤེལ་རེས་དང་། ལག་རྩལ་མཉམ་ལས། མི་སྣ་གསོ་སྦྱོང་། མཉམ་འབྲེལ་ཞིབ་འཇུག་སོགས་ཀྱི་བྱེད་ཐབས་བརྒྱུད་མི་ཐབས་རིག་ནུས་ཀྱི་ལག་རྩལ་དང་ཞབས་ཞུའི་ཁྱབ་ནུས་རང་བཞིན་ལ་སྐུལ་འདེད་གཏོང་བ་དང་རིག་ནུས་ཀྱི་ཁེ་སྤོགས་རྒྱུན་མ་ཆད་པར་བྱས་ནས་རེས་སྐོར་གསར་པའི་རིག་ནུས་ཀྱི་ཚ་རླབས་ཁྲོད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འདྲ་མཉམ་གྱི་ཕན་ཐོགས་པའི་འགན་ལེན་བྱེད་དགོས་པ་དང་།
གཉིས་ནས་འབྲེལ་གཏུག་དང་སྐད་ཆ་ཤོད་རེས་དང་། སྲིད་ཇུས་ཀྱི་ཐུན་མོང་ངོས་འཛིན་འཛུགས་པ། ལག་ལེན་ཡག་ཤོས་མཉམ་སྤྱོད་བཅས་ཀྱི་རྨང་གཞིའི་ཐོག་མཁོ་སྤྲོད་འབྲེལ་མཐུད་ལས་སྟེགས་ཀྱི་ནུས་པ་ཏན་ཏིག་འདོན་པ་དང་། རྒྱལ་ཁབ་ཁག་གི་ལེགས་ཆའི་ཐོན་ཁུངས་མཉམ་འདྲེས་དང་གསབ་རེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཁག་གི་རྒྱལ་བབ་དང་ཟུང་འབྲེལ་བྱས་ནས“མི་ཐབས་རིག་ནུས+”ཀྱི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ། ཚན་རྩལ་དང་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཚབ་རྟགས་ཨ་མའི་སྤྱི་སྤྱོད་འཁོར་རྒྱ་མཉམ་སྐྲུན་ལ་སྐུལ་ལྕག་གཏོང་བ་བཅས་བྱས་ཏེ། ཁ་ཡོད་ལག་ཡོད་དང་མིག་མཐོང་ལག་ཟིན་ཐུབ་པའི་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་ཤིག་གཏོད་དགོས་པ།
གསུམ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་སྲུང་སྐྱོང་མཐའ་གཅིག་ཏུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་པར་རྒྱབ་སྐྱོར། 《གོ་ལ་ཧྲིལ་པོའི་གྲངས་འཛིན་གན་རྒྱ》དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་དོན་འཁྱོལ་བཅས་བྱས་ཏེ། མི་ཐབས་རིག་ནུས་ཁྱབ་ཁོངས་སུ་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས་པ་བཅས་རེད།
འབྲེལ་ཡོད་གསར་འགྱུར།