དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མི་ཚང་མར་རང་གི་དགའ་ཞེན་རེ་ཡོད་ངེས།

    མཛེས་པའི་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་25པའི་མཐོང་ཐོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-24

    ཚེས་18ཉིན། མཛེས་པའི་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་ལྔ་པ(མཚོ་སྔོན་སྐོར་བའི་འགྲན་བསྡུར)ཡི་འགྲན་ལམ་དུམ་བུ་བརྒྱད་མཇུག་འགྲིལ་བ་རེད། ཉིན་བརྒྱད་ཀྱི་ས་མཐོའི་འགྲན་བསྡུར་ལ་འགྲན་ཟླ་བྲལ་བའི་འགྲན་ཞུགས་པ་མཉམ་དུ་འཛོམས་ཡོད།

    གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་གྲས་ཤིག་ཡིན་པའི་མཚོ་སྔོན་སྐོར་བའི་འགྲན་བསྡུར་ནི་ཆེད་ལས་རྐང་འཁོར་བཞོན་མཁན་གྱི་འགྲན་བསྡུར་གྱི་སྙུགས་ཤེད་དང་། བློ་སྟོབས། ལག་རྩལ་བཅས་ཀྱི་ཆེད་ལས་འགྲན་ར་ཞིག་ཡིན་པ་མ་ཟད། དེ་བས་གཞོན་ནུ་ལོ་ཆུང་གི་འགྲན་ཞུགས་པ་དང་རྐང་འཁོར་བཞོན་མཁན་དང་བླངས་པ་བསླབ་རྒན་གྱི་ཡིད་དབང་བཀུག་ཡོད།

    ལོ་ན་མི་འདྲ་བ་དང་ཐོབ་ཐང་མི་འདྲ་བས་རྩལ་འགྲན་པ་དང་། འགྲན་བསྡུར་ལ་ལྟ་བ། དང་བླངས་ཞབས་ཞུ་སོགས་ཀྱི་བྱ་ཐབས་བརྒྱུད་རྐང་འཁོར་བཞོན་ནས་ས་མཐོའི་འགྲན་ལམ་ཕྱི་ནང་དུ་རྐང་འཁོར་འགྲན་བསྡུར་གྱི་ཐུན་མོང་མ་ཡིན་པའི་གསོན་ཤུགས་དང་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པར་བྱས་ཡོད།

    ལོ་10ལ་སླེབས་པའི་ཏུའུ་གཡོད་པོ་ནི་མཚོ་སྔོན་སྐོར་བའི་འགྲན་བསྡུར་གྱི་འགྲན་ཞུགས་པའི་གྲས་ཤིག་རེད། ཁོ་པས་རྐང་འཁོར་བཞོན་མཁན་མང་པོའི་མིང་བཀོད་པའི་གྱོན་པ་གྱོན་ནས་ཨ་ཕའི་རྗེས་སུ་འབྲངས་ཏེ་ལན་ཀྲོའུ་ནས་འགྲན་བསྡུར་གྱི་རྗེས་སུ་བསྙེགས་ཏེ་ཡོང་ཡོད།

    “ང་ཚོ་སྔོན་ལ་ཟི་ལིང་སྐོར་བའི་འགྲན་བསྡུར་ལ་ལྟ་བར་ཕྱིན་པ་ཡིན། དེ་རྗེས་མཚོ་སྔོན་པོ་སྐོར་བར་ཕྱིན་ནས་རྐང་འཁོར་ཉིན་གཉིས་བཞོན་པ་ཡིན། སླར་ཡང་ཁྲི་ཀར་འགྲན་དུམ་བཞི་པའི་འགྲན་བསྡུར་ལ་ལྟ་བར་ཡོང་བ་ཡིན”ཞེས་ཕ་ཏུའུ་ཏ་ཆན་གྱིས་བརྗོད་པ་དང་། ཁོང་གིས། ཕྲུ་གུར་ད་ལོའི་ལོ་འགོར་རྐང་འཁོར་བཞོན་པའི་སྦྱོང་བརྡར་བརྒྱུད་རིམ་ལྡན་པའི་སྒོ་ནས་བྱས་པས། གཟུགས་པོའི་ཟུངས་ནུས་གཞུང་ལམ་རྐང་འཁོར་བཞོན་པའི་ལུས་རྩལ་ལ་འཚམ་པོ་འདུག་ཅེས་བརྗོད།

    ལིན་ཞ་ལིའུ་ཅ་ཞ་དང་། ལན་ཀྲོའུ་མ་ཕོ། ཀན་ལྷོ་རྩྭ་ཐང་བཅས་སུ་ཏུའུ་གཡོད་པོ་རྐང་འཁོར་བཞོན་ནས་འགྲོ་མྱོང་ཡོད། སྦྱོང་བརྡར་སྐོར་གླེང་སྐབས་ལོ་ཆུང་དེའི་བློ་རྩ་བརྟན་པོ་ཡོད་ཅིང་། ཁོ་པས་ཕུགས་བསམ་དེ་བས་ཆེ་བ་ཞིག་འཆང་ཡོད་པ་སྟེ། “འབྱུང་འགྱུར་རྒྱལ་སྤྱིའི་རྐང་འཁོར་འགྲན་བསྡུར་ལ་ཞུགས་ཐུབ་པའི་རེ་བ་ཡོད”ཅེས་བརྗོད།

    ཏུའུ་ཏ་ཆན་གྱིས་ཕྲུ་གུའི་ཕུགས་འདུན་མངོན་འགྱུར་ཡོང་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཅིང་། 80ནང་སྐྱེས་ཀྱི་པ་ཕ་ཁོང་ལོ་ན་གཞོན་དུས་དགའ་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་མེད་པས་བློ་ཕམ་ཆེན་པོ་བྱུང་ཡོད། དེར་བརྟེན་སེམས་ནུས་ཡོད་རྒུ་བཏོན་ནས་བུའི་རྐང་འཁོར་བཞོན་པའི་ཕུགས་འདུན་མངོན་འགྱུར་ཡོང་བར་རམ་འདེགས་བྱེད་རྩིས་ཡོད་པ་རེད།

    འགྲན་རའི་གཞོགས་གཉིས་སུ་ད་དུང་འཁང་ར་སྤུ་ཙམ་ཡང་མེད་པར་འགྲན་བསྡུར་ལ་རྒྱབ་སྐྱོར་བྱེད་མཁན་དང་བླངས་པ་ཁྱུ་གཅིག་ཡོད་པ་རེད། ལོ་50ལ་སླེབས་པའི་ཅིང་ཀྲན་ཆོན་ནི་ས་སྐྱེས་རྡོ་སྐྱེས་ཀྱི་མཚོ་སྔོན་བ་ཞིག་ཡིན་པ་དང་། ད་ལོ་ནི་ཁོང་མཚོ་སྔོན་སྐོར་བའི་འགྲན་བསྡུར་ལ་དང་བླངས་པའི་འགན་ལེན་ཞབས་ཞུར་ཞུགས་པའི་ལོ་དྲུག་པ་དེ་རེད།

    ལོ་མང་རྐང་འཁོར་བཞོན་པ་ལས་ཁོང་ལ་ས་གནས་དེ་གའི་རྐང་འཁོར་བཞོན་པའི་རྣམ་པར་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བ་ཚོར་ཞིང་། ཁོང་གིས། “དེ་སྔོན་རྐང་འཁོར་བཞོན་རྒྱུར་དགའ་བའི་མི་ཁ་ཤས་ལས་མེད། ད་ཆ་དམངས་ཡོངས་ཀྱི་ལུས་སྦྱོང་གི་ཚ་རླབས་འཕྱུར་ནས་རྐང་འཁོར་བཞོན་མཁན་གྱི་དཔུང་ཁག་རིམ་བཞིན་སྟོབས་ཆེར་འགྲོ་བཞིན་འདུག”ཅེས་བརྗོད།

    མཚོ་སྔོན་སྐོར་བའི་འགྲན་བསྡུར་གྱི་བགྲང་བྱ་ཉེར་ལྔར་མིག་མཐོང་ལག་ཟིན་བྱུང་བའི་ཅིང་ཀྲན་ཆོན་ལ་བསམ་འདུན་བབ་ཆགས་པོ་ཞིག་ཡོད་པ་སྟེ། “ལོ་བརྒྱའི་ཧྥ་རན་སེ་སྐོར་བའི་འགྲན་བསྡུར་དང་འདྲ་བར་མཚོ་སྔོན་སྐོར་བའི་འགྲན་བསྡུར་ཡང་མུ་མཐུད་གཉེར་ནས་ལོ་ལྟར་མཚོ་བོད་ས་མཐོར་རྐང་འཁོར་བཞོན་རྒྱུ་ཡོང་བའི་རེ་བ་ཡོད”ཅེས་བརྗོད།

    (ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ) 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།