དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་རྔ་བའི་བོད་རིགས་བུད་མེད་དམར་དམག་འཐབ་འཛིང་པ་ཝང་ཆོན་དབྱིང་སྐུ་གཤེགས་པ་དང་སྐུ་གཤེགས་དུས་དགུང་ལོ་105ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-24

    གསར་འགོད་པས་ཚེས་22ཉིན་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་དབུན་ཁྲོན་རྫོང་གི་བློ་མཐུན་ཝང་ཆོན་དབྱིང་གི་འདས་འཇུག་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བུད་མེད་དམར་དམག་འཐབ་འཛིང་པ་བློ་མཐུན་ཝང་ཆོན་དབྱིང་2026ལོའི་ཟླ་7ཚེས་22ཉིན་གྱི་ཐོ་རེངས་ཆུ་ཚོད་ཀླད་ཀོར་དང་སྐར་མ་30ཙམ་ལ་སྨན་ཁང་དུ་ཞི་བར་སྐུ་གཤེགས་པ་དང་སྐུ་གཤེགས་དུས་དགུང་ལོ་105ཡིན་པ་རེད།

    རྗེས་འཇུག་ཡག་པོ་བྱ་ཆེད། དབུན་ཁྲོན་རྫོང་གིས་བློ་མཐུན་ཝང་ཆོན་དབྱིང་གི་འདས་འཇུག་ཨུ་ཡོན་ལྷན་ཁང་བཙུགས་ཤིང་། ཁྱིམ་མིའི་བསམ་འདུན་ལ་བརྩི་འཇོག་བྱས་ཏེ་ཟླ་7ཚེས་23ཉིན་རྗེས་དྲན་ཚོགས་འདུ་འཚོག་རྒྱུའི་གཏན་འཁེལ་བྱས་པ་རེད།

    གསར་འགོད་པས་དབུན་ཁྲོན་རྫོང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཝང་ཆོན་དབྱིང་གི་དེ་སྔའི་མཚན་ལ་ཝང་ཀུའེ་ཤང་ཟེར་བ་དང་། ཁོང་གི་ལོ་རྒྱུས་མདོར་བསྡུས་ནི་འདི་ལྟ་སྟེ། བུད་མེད། བོད་རིགས། 1921ལོའི་ཟླ་6ཚེས་23ཉིན་འཁྲུངས། སི་ཁྲོན་དབུན་ཁྲོན་བ། ཕ་ཡུལ་སི་ཁྲོན་ཅིན་ཁྲོན་ནས་ཡིན་པ་རེད། ཝང་ཆོན་དབྱིང་ཆུང་དུས་ནས་ཕ་མ་གཉིས་ཀ་ཚེ་ལས་འདས་ཤིང་། བྱིས་དུས་སུ་དཀའ་སྡུག་དང་བརྙས་བཅོས་ཡང་ཡང་མྱངས། 1935ལོའི་ཟླ་6པར། ལོ་14ལ་སླེབས་པའི་ཝང་ཆོན་དབྱིང་ཕ་ཡུལ་དུ་དམར་དམག་དང་འཕྲད་ནས་མཐར་དཀའ་སྡུག་ལས་ཐར་ཏེ་དམར་དམག་དཔུང་རུ་བཞི་པར་ཞུགས་རྒྱུར་བློ་ཐག་ཆོད་པོས་མིང་ཐོ་བཀོད་པ་དང་། དེ་ནས་བཟུང་གསར་བརྗེའི་བགྲོད་ལམ་དུ་བསྐྱོད་པ་རེད།

    དམར་དམག་ལ་ཞུགས་རྗེས། ཝང་ཆོན་དབྱིང་གིས་གཙོ་བོ་ལམ་ཁྲིད་དང་། ཆུ་བསྐོལ་བ་དང་ཁ་ལག་བཟོ་བ། རྨས་མར་བདག་སྐྱོང་། འབྲུ་རིགས་གསོག་པ་དང་དབོར་འདྲེན་སོགས་ཀྱི་ལས་འགན་ཁུར། 1936ལོའི་ཟླ་3པར། ཝང་ཆོན་དབྱིང་དམག་དཔུང་དང་མཉམ་དུ་རོང་བྲག་རྫོང་དུ་བསྐྱོད་པ་ན། གོ་མིན་ཏང་གི་དམག་དཔུང་གི་འཇབ་རྒོལ་ཕོག་ནས་དམག་འཐབ་དྲག་པོ་བྱུང་ཞིང་། ཝང་ཆོན་དབྱིང་དང་རོགས་པ་རྣམས་ཁ་འཐོར་བ་རེད། དཔུང་སྡེའི་རྗེས་སུ་སྙེག་ཆེད། རྩྭ་ལྷམ་གྱོན་པའི་ཝང་ཆོན་དབྱིང་གིས་གངས་གསོག་གི་ཁྲོད་དུ་མདུན་དུ་བསྐྱོད་པས་རྐང་པ་གཡོན་མའི་མཛུབ་མོ་གཅིག་གྲང་ངར་གྱིས་ཕྱིད།

    1936ལོའི་ཟླ་5པར། ཟླ་བ་གཅིག་ལྷག་ཙམ་རིང་ལ་ལུང་བརྒལ་རྗེས། ཝང་ཆོན་དབྱིང་དབུན་ཁྲོན་གཙང་གསུམ་རྒྱུད་དུ(ད་ལྟའི་དབུན་ཁྲོན་རྫོང་གཙང་གསུམ་གྲོང་རྡལ)འབྱོར།

    ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཁོང་གིས་རང་ཉིད་ཀྱི་མིང“ཀུའེ་ཤང”ཞེས་པ་དེ“ཆོན་དབྱིང”ཞེས་པར་བསྒྱུར་ནས་རང་ཉིད་ཀྱི་འཐབ་གྲོགས་ལ་དྲན་གསོ་ཞུས་པ་རེད། 1984ལོར་ཝང་ཆོན་དབྱིང་ལ་རྔ་བ་ཀྲོའུ་སྲིད་གཞུང་གིས་ཞིབ་དཔྱད་བྱས་པ་བརྒྱུད་ཁོང་གི་ཁ་ཐོར་དམར་དམག་གི་ཐོབ་ཐང་གཏན་འཁེལ་བྱས་ནས་ཁོང་ལ་འབྲེལ་ཡོད་ཀྱི་བདེན་དཔང་ཡིག་ཆ་སྤྲད་པ་རེད། (གནམ་ཕྱུག་རྒྱལ་གྱིས་བསྒྱུར། བུ་ཁྲིད་དང་གནམ་ཕྱུག་རྒྱལ་གྱིས་ཞུས)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།