དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་དིང་རི་རྫོང་སྐྱིད་ལྡིང་གྲོང་ཚོའི་མང་ཚོགས་ཉི་མ་དབང་མོས་བརྗོད་དོན།

    “ཏང་དང་རྒྱལ་ཁབ་མེད་ན་ང་ཚོ་སྡོད་ཁང་གསར་པ་འདི་འདྲར་སྡོད་རྒྱུ་ག་ནས་ཡོང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-24

    ཞོགས་པའི་ཉི་གཞོན་གྱི་འཛུམ་ཟེར་གངས་རིའི་རྩེ་ནས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་མཚོ་སྒང་ཤང་སྐྱིད་ལྡིང་གྲོང་ཚོའི་བོད་བཟོའི་ཁང་གསར་ལ་འཕྲོས་མ་ཐག་དེ་གའི་གྱང་ངོས་དཀར་པོ་དང་། རྒྱལ་སྒོ་དམར་པོ། ཁང་སྟེང་དུ་ལྷབ་ལྷུབ་གཡོ་བའི་སྐར་ལྔའི་དར་དམར་བཅས་སྔར་བས་མངོན་གསལ་དོད་པོར་གྱུར་པ་དང་། རྒན་རྒོན་ཚོ་སྒོ་རའི་མདུན་དུ་ཅི་འཕྲོས་མོལ་འཕྲོས་བྱེད་ལ། ཕྲུ་གུ་ཚོ་དཔེ་ཁུག་ཁུར་ནས་སློབ་གྲྭར་སྐྱོད་བཞིན་ཡོད།

    ཉི་མ་དབང་མོ་རང་ཁྱིམ་གྱི་སྒོ་འགྲམ་ནས་དེ་དག་མཐོང་འཕྲལ་དགའ་སྤྲོའི་འཛུམ་མདངས་ཤིག་ངང་གིས་བསྟན། དེ་ནས་ཁོ་མོས་ཁ་ཕྱིར་བསྐོར་ནས་ཁང་པའི་ནང་འཛུལ་བ་དང་། ཚོམས་ཆེན་གྱི་དཀྱིལ་དུ་བཀལ་བའི་གཙོ་འཛིན་གྱི་སྐུ་པར་གཙང་མར་འཕྱིས་པ་རེད། ཁོང་གིས“ཏང་དང་རྒྱལ་ཁབ་མེད་ན་ང་ཚོ་སྡོད་ཁང་གསར་པ་འདི་འདྲར་སྡོད་རྒྱུ་ག་ནས་ཡོང”ཞེས་བཤད།

    ལོ་གཅིག་གི་གོང་། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ས་ཡོམ་ཁྲོད་ཞིག་རོར་འགྱུར་བ་ཚང་མའི་བསམ་ཡུལ་ལས་འདས།

    གནས་ཚུལ་དེ་2025ལོའི་ཟླ་1ཚེས་7ཉིན་བྱུང་བ་ཞིག་རེད།

    དེ་ནི་སྐྱིད་ལྡིང་གྲོང་ཚོའི་ཡུལ་མི་ཡོངས་ཀྱིས་ནམ་ཡང་བརྗེད་པར་དཀའ་བའི་ཉིན་མོ་ཞིག་རེད། ས་གཞི་གས་པ་ལྟར་གྱི་ས་ཡོམ་ཆེན་པོ་བརྒྱབ་འཕྲལ་ཁང་པ་གློ་བུར་དུ་བརྡིབས་ནས་ཐལ་རྡུལ་གྱིས་ཉི་མ་ཡང་མཐོང་མ་ཐུབ་པར་གྱུར།

    ས་ཡོམ་རྒྱག་དུས། སྐྱིད་ལྡིང་གྲོང་ཚོའི་ཡུལ་མི་ཚོ་ག་བྱེད་འདི་བྱེད་མེད་པར་གྱུར། རླངས་འཁོར་སྐྱོད་ཐབས་བྲལ་བ་དང་ཁ་པར་ལ་བརྡ་རྟགས་མེད་པས་གྲོང་ཚོ་ཡོངས་ཟང་ངེ་ཟིང་ངེར་གྱུར་ཡང་། ཡུན་རིང་མ་སོང་བར་བཅིངས་འགྲོལ་དམག་དང་། མེ་གསོད་རོགས་སྐྱོབ་རུ་མི། མི་དམངས་ཉེན་རྟོག་པ་བཅས་སླེབས་ཏེ། ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོབ་བྱེད་མཁན་རྒྱུན་མཐུད་འབྱོར་ཡོད། ཉི་མ་དབང་མོས“ཁོང་ཚོ་སླེབས་པས་ང་ཚོ་ལྷོད་ལ་བབས་བྱུང”ཞེས་བཤད།

    ཉི་མ་དབང་མོས་རོགས་སྐྱོབ་རུ་མི་དང་དཔུང་པ་མཉམ་གཤིབ་ཀྱིས་རོགས་སྐྱོབ་ལས་ལ་གཞོལ་བའི་ཉིན་མཚན་དེ་དག་ད་དུང་ཡང་ཡིད་ལ་ལྷང་ལྷང་དུ་དྲན་གྱི་འདུག ཁོང་གིས་གྲོང་ཚོའི་བུད་མེད་ཚོ་ཁྲིད་ནས་གྲོང་ཚོའི་ནང་གི་རྒན་རྒོན་དང་བྱིས་པར་ལྟ་རྟོག་དང་དངོས་ཟོག་དབོར་བ་དང་། སྐྱེས་པ་ཚོས་རོགས་སྐྱོབ་རུ་ཁག་གི་རྗེས་སུ་འབྲངས་ནས་རོགས་སྐྱོབ་ཀྱི་འཐབ་ས་མདུན་མར་བསྐྱོད་ཡོད། “དེ་དུས་སྡུག་སྐད་རྒྱག་མཁན་གཅིག་ཀྱང་མེད། གང་ལགས་ཤེ་ན། ཁོང་ཚོས་རང་ཉིད་ཀྱི་སྲོག་ཉེན་ལ་མ་བལྟོས་པར་རོགས་རམ་བྱེད་པ་ང་ཚོས་གསལ་པོར་ཤེས་ཀྱི་ཡོད་པས་རེད”ཅེས་བཤད།

    གེགས་རྗེས་བསྐྱར་སྐྲུན་མགྱོགས་མྱུར་བྱེད་འགོ་ཚུགས་པ་དང་། ཉི་མ་དབང་མོས་དུས་རྟག་ཏུ་དོན་དག་གཅིག་ལ་སེམས་ཁྲལ་བྱེད་བཞིན་ཡོད། དེ་ནི་ཁང་པ་བརྟན་པོ་བརྒྱབ་ཡོད་མེད་དང་ལས་གྲྭའི་མྱུར་ཚད་མགྱོགས་པོ་ཡོད་མེད་དེ་རེད། ཁོ་མོས་ཉིན་ལྟར་ཨར་ལས་བྱ་ཡུལ་ཁག་ཏུ་ལྕགས་རྩིབ་བརྟན་པོ་བསྡམས་ཡོད་མེད་དང་རྩིག་པ་བརྟན་པོ་བསླངས་ཡོད་མེད་ལ་ལྟ་བར་འགྲོ་གི་ཡོད།

    བསྐྱར་སྐྲུན་བྱེད་རིང་། ཏང་ཡོན་ལས་བྱེད་པས་ཡུལ་མིའི་བསམ་འཆར་ཡང་ཡང་བསྡུས་ཏེ་ས་གནས་དེ་གའི་རིག་གནས་དང་གནམ་གཤིས་ཀྱི་ཁྱད་ཆོས་ལ་བསམ་གཞིག་བྱས་པའི་ཁར་སྒོ་དང་། གྱང་། དུ་ཁུང་། དྲོད་ལེན། ཆུ་དང་གློག གསང་སྤྱོད་བཅས་ལེ་ལག་ཆ་ཚང་པོ་བཟོས་པ་མ་ཟད། ཁང་པའི་རྒྱབ་མདུན་དུ་རྩི་ཤིང་ཡང་བཏབ་ཡོད། གྲལ་སྟར་འགྲིག་ལ་མཛེས་པའི་ཁང་པ་གསར་པར་མཐོང་སྐབས་ཡུལ་མི་ཚོའི་སེམས་སུ་སྤྲོ་སྣང་གིས་ཁེངས།

    “གནམ་ས་ཡངས་པོ་ལས་གུང་ཁྲན་ཏང་གི་བཀའ་དྲིན་ཆེ”ཞེས་སྐྱིད་ལྡིང་གྲོང་ཚོའི་རྒན་རྒོན་ཚོས་རྟག་ཏུ་ཤོད་བཞིན་ཡོད་པ་དང་། ཁོང་ཚོས“གལ་སྲིད་སྤྱི་ཚོགས་རྙིང་པར་ས་ཡོམ་འདི་འདྲ་བརྒྱབ་ཚེ་ང་ཚོ་སྔ་ས་ནས་ལྟོགས་ཤི་དང་འཁྱགས་ཤི་ཐེབས་རྒྱུ་རང་རེད། འོན་ཀྱང་ད་རེས་ང་ཚོ་ལྟོགས་ཤི་དང་འཁྱགས་ཤི་ཐེབས་མེད་པ་མ་ཟད། རྒྱལ་ཁབ་ཀྱིས་ད་དུང་ང་ཚོར་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རོགས་བྱས་ནས་སྡོད་ཁང་གསར་པ་འདི་འདྲར་སྤོ་རྒྱུ་བྱུང་ཡོད”ཅེས་བཤད།

    ད་ཆ་ཉི་མ་དབང་མོ་སྔར་རྒྱུན་བཞིན་སེམས་རྩ་འཁོལ་པོ་ཡོད། ཁྱིམ་ཚང་སུ་ལ་དཀའ་ངལ་འཕྲད་ན་ཁོང་ག་དུས་ཡིན་ཡང་རོགས་པ་བྱེད་མཁན་དང་པོ་དེ་རེད། ཁོང་གིས“ས་ཡོམ་བརྒྱུད་མྱོང་མཁན་གྱིས་ད་ལྟའི་འཚོ་བར་དེ་བས་གཅེས་སྤྲས་བྱེད་ཤེས་པས། ང་ཚོས་འཚོ་བ་ཡག་པོ་བསྐྱལ་ནས་སྔོན་མ་ང་ཚོར་རོགས་རམ་བྱེད་མཁན་གྱི་བཀའ་དྲིན་མ་བརྗེད་པ་བྱེད་དགོས”ཞེས་བཤད།

    ཉི་མའི་འོད་ཟེར་སླར་ཡང་གེགས་རྗེས་བསྐྱར་སྐྲུན་བྱ་ཡུལ་དུ་འཕྲོ་སྐབས་སྐལ་བཟང་མེ་ཏོག་དྲོ་འཇམ་གྱི་ཉི་འོད་དང་འགྲོགས་ནས་ལྷུག་པོར་བཞད་བཞིན་པ་དེ་ནི་ཉི་མ་དབང་མོ་དང་ཁོང་སྡོད་སའི་སྐྱིད་ལྡིང་གྲོང་ཚོ་གེགས་བར་ལས་རྣམ་པར་རྒྱལ་ཏེ་སྔར་བས་བློ་རྩ་བརྟན་ཞིང་མི་སེམས་འགུལ་བའི་ཚེ་སྲོག་གི་གཟི་མདངས་ཤིག་འཚེར་བ་ལྟར་སྣང་།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།