རྒན་གཞོན་ཚང་མ་བདེ་སྐྱིད་དཔལ་ལ་རོལ།
ལྷ་ས་གྲོང་ཁྱེར་གྱིས་མི་རབས་འདྲིས་གཤིབ་ཀྱི་སྡེ་ཁུལ་འཛུགས་སྐྱོང་འཚོལ་ཞིབ་བྱས་པའི་སྐོར་བཀོད་པ།
ཞོགས་པའི་ཉི་གཞོན་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་གྱི་རྒན་བྱིས་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་འཕྲོས་ཤིང་། ལོ་75ལ་སླེབས་པའི་སྤོ་བོ་བུ་ཆུང་གིས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ཐོན་རྫས“འུར་རྡོ་ཆུ་མིག་དགུ་སྒྲིལ”གྱི་བསླས་འཐག་ལག་རྩལ་ངང་རྒྱུད་རིང་པོས་བསླབས་པ་དང་། ཕྲུ་གུ་བཅུ་ལྷག་ཙམ་འགྲམ་དུ་བསྡད་ནས་སྦྱོང་བཞིན་ཡོད་ལ་དགོད་སྒྲ་དང་འགྲེལ་བཤད་གཉིས་འོ་ཆུ་བཞིན་གཅིག་ཏུ་འདྲེས་ཡོད། དེ་ཡང་། མི་རབས་རྒན་གཞོན་འབྲེལ་འདྲིས་ཀྱི་སྣང་ཚུལ་ཡག་པོ་དེ་ནི་ལྷ་ས་གྲོང་ཁྱེར་གྱིས་མི་རབས་འདྲིས་གཤིབ་ཀྱི་སྡེ་ཁུལ་འཛུགས་སྐྱོང་བྱས་པའི་གསོན་ཉམས་དོད་པོའི་མཚོན་ཚུལ་ཞིག་རེད།
ས་མཐོའི་ཞིང་འབྲོག་ཁུལ་གྱི་གཞོན་དར་རྣམས་ཡུལ་ཕྱོགས་གཞན་དུ་གླ་པ་རྒྱུག་པར་འགྲོ་མཁན་མང་བ་དང་། རྒན་གཞོན་ལ་ལྟ་སྐྱོང་བྱེད་མཁན་ཉུང་བ། རྒན་གསོ་བུ་སྐྱོང་གི་ཞབས་ཞུའི་ཐོན་ཁུངས་ཁ་ཐོར་ཡིན་པ། ཞབས་ཞུ་བྱེད་སྟངས་སྣ་གཅིག་ཡིན་པ་སོགས་གཞི་རིམ་གྱི་དཀའ་གནད་ལ་དམིགས་ཏེ། ལྷ་ས་གྲོང་ཁྱེར་གྱིས་གཞི་རིམ་གྱི་དོན་དངོས་ལ་གཞི་ཚུགས་ནས་སྲོལ་རྒྱུན་གྱི་ཞབས་ཞུའི་བཀག་རྒྱ་མེད་པར་བཟོས་ཏེ་ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་དང་ཞབས་ཞུ་བྱེད་སྟངས་གསར་གཏོད་བྱས་ནས་རྒན་རྒོན་དང་བྱིས་པར་ཕྱོགས་གཉིས་ནས་མཐུན་རྐྱེན་སྦྱོར་བ་དང་མཉམ་དུ་འཚར་ལོངས་ཡོང་བའི་མི་རབས་འདྲིས་གཤིབ་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ་མ་ཟད། “རྒས་དུས་ལས་རྒྱུ་ཡོད་པ། བྱིས་པར་སློབ་མཁན་ཡོད་པ། མི་རབས་འཆམ་མཐུན་ཡིན་པ”བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་བཀོད་པ་གསར་པ་ཡང་བཏོད་ཡོད།
རྒན་གསོ་དང་བྱིས་སྐྱོང་གི་ཞབས་ཞུ་ཐར་ཐོར་ཡིན་པའི་འཕེལ་རྒྱས་ཐད་ཀྱི་དཀའ་གནད་སེལ་ཆེད། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་དམངས་སྲིད་སྟོབས་ཤུགས་དང་། ཆེད་ལས་སྤྱི་ཚོགས་ལས་དོན་དཔུང་ཁག དང་བླངས་ཞབས་ཞུའི་ཐོན་ཁུངས་བཅས་ལ་སྤྱི་འདོམས་བྱས་ཤིང་། གྲོང་རྡལ་དང་གྲོང་ཚོའི་བདེ་སྐྱིད་ཁང་དང་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སོགས་རྒན་གསོ་བྱིས་སྐྱོང་གི་གཡུལ་ས་བསྡུ་སྒྲིལ་བྱས་ཏེ་རྒན་རྒོན་དང་བྱིས་པའི་མཛའ་མཐུན་སྡེ་ཁུལ་ལོགས་སུ་དབྱེ་ནས་བསྐྲུན་པའི་སྔར་ཡོད་ཀྱི་རྣམ་པ་མེད་པར་བཟོས་ནས་ཞབས་ཞུ་མཉམ་འདྲེས་གཏིང་ཟབ་དང་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་གཉིས་ལ་སྐུལ་མ་བཏང་ནས་ཞབས་ཞུའི་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་དང་སྤུས་འབྲས་ལེགས་གཉེར་ཡོང་བར་བྱས་པ་རེད།
སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཁྱབ་གདལ་བཏང་བའི་མི་རབས་རྒན་བྱིས་དབར་རོགས་རེས་བྱེད་པའི་མཉམ་འདྲེས་ལག་ལེན་ནི་གཞི་རིམ་མང་ཚོགས་ཀྱི་བབ་ཆགས་ཟོལ་མེད་ཀྱི་ལྷག་བསམ་ལས་བྱུང་བ་ཞིག་རེད། ཆུ་བཟང་གྲོང་ཚོའི་ལོ་11ལ་སླེབས་པའི་ཕྲུ་གུ་ཚེ་བརྟན་བཀྲ་ཤིས་ལ་དཔེ་ཁུག་གསར་པ་ཞིག་ཡོད་ན་སྙམ་པའི་རེ་བ་དེས་གྲོང་ཚོའི་རྒན་རྒོན་ཚོའི་ཡིད་སེམས་གཡོ་བར་བྱས་ཤིང་། གྲོང་གསེབ་ཀྱི་བདེ་སྐྱིད་ཁང་གི་རྒན་ཡོལ་ཞུས་པའི་ཏང་ཡོན་རྒན་གྲས་སྐལ་བཟང་དགྲ་འདུལ་གྱིས་རང་འགུལ་ངང་སྣེ་ཁྲིད་དེ་གྲོང་ཚོའི་རྒན་རྒོན་སྒྲིག་འཛུགས་བྱས་ནས་ཚེ་བརྟན་བཀྲ་ཤིས་དང་གྲོང་ཚོའི་གཞིས་ལུས་བྱིས་པ་གཞན་དག་ལ་མཉམ་དུ་སྐྱེས་སྐར་བཏང་ནས་ཕྲུ་གུ་ཚོའི་བསམ་འདུན་སྒྲུབ་རོགས་བྱས་པ་དང་། བྱམས་བརྩེའི་བྱ་བ་ཆུང་ཙག་དེ་ལས་གྲོང་ཚོའི་རྒྱུན་རྣམ་ཅན་གྱི་མི་རབས་ཕན་ཚུན་རོགས་རེས་ཀྱི་ཕུགས་ཕན་ཉམས་བཟང་ཞིག་མངོན།
སྟོད་ལུང་བདེ་ཆེན་ཆུས་དམངས་སྲིད་སྤྱི་ཚོགས་ལས་དོན་སྡེ་ཚན་གྱིས་གཞི་རིམ་ནས་རང་འགུལ་ངང་སྤེལ་བའི་དྲོ་སྐྱིད་སྦྱིན་པའི་བྱེད་ཐབས་ལ་དུས་ཐོག་ཏུ་ཤེས་རྟོགས་བྱས་ཏེ། དྲོ་སྐྱིད་སྦྱིན་པའི་ཞབས་ཞུ་དེ་མ་ལག་ཅན་དང་ཚད་ལྡན་ཅན་དུ་བསྒྱུར་ནས“མི་རབས་འདྲིས་གཤིབ”ཀྱི་རྒན་བཀུར་གཞོན་གཅེས་ཀྱི་དང་བླངས་ཞབས་ཞུའི་རྣམ་གྲངས་བཏོད་ཅིང་། རིག་གནས་རྒྱུན་འཛིན་དང་། བྱམས་སྐྱོང་འབྲེལ་འདྲིས། འཚར་ལོངས་རོགས་རམ། ལྟ་སྐྱོང་སེམས་གསོ་སོགས་ཞབས་ཞུ་གཙོ་བོར་དམིགས་ཏེ་ལྕག་སྐུལ་འགན་ལེན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རང་ཡུལ་ལ་འཚམ་པའི་མི་རབས་དབར་གྱི་ཕྱོགས་གཉིས་མཐུན་རྐྱེན་སྦྱོར་རེས་ཀྱི་ཞབས་ཞུའི་མ་དཔེ་བཏོད་ཡོད། མིག་སྔའི་བར་རྣམ་གྲངས་དེས་ཁྱད་ལྡན་བྱེད་སྒོ་སྣ་ཚོགས་ཐེངས་68སྒྲིག་འཛུགས་བྱས་ནས་བྱིས་པ་152དང་རྒན་རྒོན་90ལ་ཕན་པ་ཐོབ་ཅིང་། རྒན་རྒོན་རྣམས་ཁེར་སྡོད་ཀྱི་དཀའ་ངལ་ལས་ཐར་བར་བྱས་ཏེ་རྒས་དུས་ལས་རྒྱུ་ཡོད་པ་དང་མི་ཚེའི་རིན་ཐང་མངོན་ཐུབ་པ་མ་ཟད། གཞིས་ལུས་བྱིས་པར་འདྲིས་གཤིབ་དང་གཅེས་སྐྱོང་ཁྲོད་གཉེན་ཉེའི་བརྩེ་བ་ཐོབ་པ་དང་དྲིན་ཚོར་དགེ་སྒྲུབ་རྟོགས་སུ་བཅུག་ནས་རྒན་གསོ་དང་བྱིས་སྐྱོང་གི་སྲོལ་རྒྱུན་ཞབས་ཞུ་སྒྲུབ་སྟངས་ལ་འགྱུར་ལྡོག་བཏང་བ་རེད།
སྟོད་ལུང་བདེ་ཆེན་ཆུས་ཀྱི་ཚོད་ལྟའི་ཉམས་མྱོང་ཚད་གཞིར་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱིས་གནད་བརྟེན་ཁྱོན་ཁྲིད་དང་ཁོངས་ཡོངས་ཁྱབ་གདལ་མཐའ་འཁྱོངས་ཀྱིས་རྫོང་དང་ཆུས་ཁག་ཏུ་མི་རབས་འདྲིས་གཤིབ་ཀྱི་ཞབས་ཞུ་སྒྲུབ་སྟངས་དོན་འཁྱོལ་བྱས་ནས་ཕན་འབྲས་མངོན་པར་བརྟེན། དྲོ་སྐྱིད་སྦྱིན་པའི་མི་རབས་འདྲིས་གཤིབ་ཀྱི་དཔེ་མཚོན་འབོར་ཆེན་ཞིག་ཐོན་ཡོད།
སྟག་རྩེ་ཆུས་ཀྱིས་གཟའ་མཇུག་གི“སློབ་གསོའི་རོགས་སྐྱོར+མི་རབས་འདྲིས་གཤིབ”ཀྱི་ཁྱད་ལྡན་ཞབས་ཞུ་སྒྲུབ་སྟངས་གསར་གཏོད་བྱས་ཏེ་ཞིང་འབྲོག་ཁུལ་གྱི་བྱིས་པའི་སློབ་སྦྱོང་ཞན་པ་དང་། སློབ་གསེང་གི་འཚོ་བ་སྣ་གཅིག་ཡིན་པ། རྒན་རྒོན་ཡུལ་པོར་གནས་པ་སོགས་ཀྱི་གནད་དོན་དང་གནད་སྨིན་འབྲེལ་མཐུད་བྱས་ཡོད། སྔ་དྲོར་རིག་ཚན་ཟུར་ཁྲིད་དང་སྤྲོ་སྣང་ཆེར་གཏོང་བྱས་ཏེ་བྱིས་པའི་སློབ་གསོའི་ཞན་ཆ་སེལ་བ་དང་། ཕྱི་དྲོར་བྱིས་པ་བདེ་སྐྱིད་ཁང་དུ་བསྐྱོད་པར་སྒྲིག་འཛུགས་བྱས་ཏེ་འཇོན་ཐང་ངོམ་སྟོན་དང་། ལག་ཤེས་མཉམ་གཏོད། རྒན་བཀུར་འབྲེལ་འདྲིས་སོགས་ཀྱི་བྱེད་སྒོར་བརྟེན་ནས་མི་རབས་འདྲིས་གཤིབ་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ་དང་། ཞབས་ཞུའི་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་བྱས་ཏེ་གཡུལ་ས་སྤྱོད་ཚད་དང་ཞབས་ཞུའི་ཕན་ནུས་ཆེ་རུ་ཤུགས་ཆེན་བཏང་སྟེ། རྒན་གསོ་བུ་སྐྱོང་གི་ཕྱོགས་གཉིས་ཡར་སྐུལ་དང་མཐུན་རྐྱེན་སྦྱོར་རེས་མངོན་འགྱུར་བྱུང་ཡོད།
གཞི་རིམ་དུ་ལག་ལེན་རྒྱུན་མཐུད་ཟབ་ཏུ་གཏོང་བའི་རྨང་གཞིའི་ཐོག་ལྷ་ས་གྲོང་ཁྱེར་གྱིས་མི་རབས་འདྲིས་གཤིབ་ཀྱི་སྡེ་ཁུལ་འཛུགས་སྐྱོང་དེ་གཞི་རིམ་དུ་རང་འགུལ་ངང་འཚོལ་ཞིབ་བྱེད་པ་ནས་ཚད་གཞི་ཅན་དང་ལམ་ལུགས་ཅན་དུ་འཕེལ་རྒྱས་གཏོང་བའི་དུས་མཚམས་གསར་པར་བསྐྱོད་པར་སྐུལ་འདེད་བཏང་བ་དང་། མི་རབས་འདྲིས་གཤིབ་ཀྱི་གཞི་རིམ་བཅོས་སྐྱོང་ལག་ལེན་གྱི་གྲུབ་འབྲས་གཞིར་བཟུང་བོད་རང་སྐྱོང་ལྗོངས་ཀྱི་མི་རབས་འདྲིས་གཤིབ་ཀྱི་སྡེ་ཁུལ་འཛུགས་སྐྱོང་གི་ཚད་གཞི་བཟོ་བར་སྣེ་ཁྲིད་ནས་འཚོལ་ཞིབ་བྱས་པས། ལས་རིགས་འཛུགས་སྐྱོང་གི་སྟོང་ཆ་ནུས་ལྡན་གསབ་ནས་ལྗོངས་ཡོངས་ཀྱི་རིགས་མཐུན་ལས་དོན་སྤེལ་བར་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
ལྷ་ས་གྲོང་ཁྱེར་གྱིས་ཐོན་ཁུངས་བསྡུ་སྒྲིལ་དང་། བྱེད་སྟངས་གསར་གཏོད། ཁུལ་ཁོངས་སྐུལ་འདེད། ལམ་ལུགས་ནུས་སྦྱིན་བཅས་བྱས་པ་བརྒྱུད“རྒན་གཅིག་གཞོན་གཅིག”གི་ཞབས་ཞུའི“མཐའ་མའི་འགག་གནད”རྒྱུན་མཐུད་བསལ་ཏེ། ཞིང་འབྲོག་ཁུལ་གྱི་རྒན་གསོ་བུ་སྐྱོང་གི་བཅོས་སྐྱོང་དཀའ་གནད་ཐག་གཅོད་ནུས་ལྡན་བྱས་པས། རྒན་རྒོན་གྱིས་བྱིས་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་། བྱིས་པའི་སྐྱེ་སྟོབས་ཀྱིས་རྒན་རྒོན་ཚོའི་སེམས་ལ་སྤྲོ་སྣང་སྦྱིན་ཏེ། དུས་རབས་གསར་པའི་ས་མཐོའི་མི་རབས་འབྲེལ་འདྲིས་དང་། ཁྱིམ་མཚེས་འཆམ་མཐུན། གཞི་རིམ་བཅོས་སྐྱོང་མཁས་པ་བཅས་ཀྱི་གསོན་ཉམས་དོད་པའི་ལེའུ་གསར་བརྩམས་ཡོད།
འབྲེལ་ཡོད་གསར་འགྱུར།