ལག་གདང་སྦྲེལ་ནས་མཐུན་སྒྲིལ་གྱི་ལེའུ་གསར་མཉམ་དུ་བརྩམས།
ལྷོ་ཁ་གྲོང་ཁྱེར་གྱིས“སེ་འབྲུ་བུམ་པ”སོགས་འགྲན་བསྡུར་འབྲེལ་ཐག་ཏུ་བྱས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་བཏང་བའི་སྐོར་གླེང་བ།
ཟླ་6ཚེས་20ཉིན། ལྷོ་ཁ་གྲོང་ཁྱེར་གྱི་ལུས་རྩལ་ཐང་དུ་དར་ཚོན་ལྷབ་ལྷུབ་ཏུ་གཡོ་བ་དང་མི་ཚོགས་ཀྱིས་ཁེངས་ནས་ཡོད། རྐང་རྩེད་སྤོ་ལོའི་རུ་ཁག་19རིམ་པ་བཞིན་འགྲན་རར་འཛུལ་བ་དང་བསྟུན་ནས“སེ་འབྲུ་བུམ་པའི”རྩྭ་ཐང་རྐང་རྩེད་སྤོ་ལོའི་གདན་ཞུས་འགྲན་བསྡུར་སྐབས་གསུམ་པ་གངས་ལྗོངས་ས་མཐོར་སྤྲོ་སེམས་འཁོལ་བའི་ངང་འགོ་ཚུགས།
2024ལོའི་འགྲན་བསྡུར་སྐབས་དང་པོར་རུ་ཁག་9ཡིས་ཐོག་མར་ཚོད་ལྟའི་འགྲན་བསྡུར་བྱས་པ་ནས་ད་ལོའི་ཐག་རིང་ནས་ཡོང་བའི་རུ་ཁག་19ཡིས་འགྲན་བསྡུར་བྱེད་པའི་བར། སྔོ་ལྗང་གི་འགྲན་ར་དེར་ལུས་རྩལ་གྱིས་འབྲེལ་ཟམ་དུ་བྱས་ཏེ་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་བའི་མི་སེམས་འགུལ་བའི་ལེའུ་བརྩམས་དང་རྩོམ་བཞིན་ཡོད།
སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ནུས་རྒྱུན་མཐུད་ཆེ་རུ་ཕྱིན་པ།
2024ལོའི་ཟླ་9པར། “སེ་འབྲུ་བུམ་པའི”མི་བརྒྱད་ཅན་གྱི་རྩྭ་ཐང་རྐང་རྩེད་སྤོ་ལོའི་གདན་ཞུས་འགྲན་བསྡུར་སྐབས་དང་པོ་སྣེ་གདོང་ཆུས་སུ་འགོ་ཚུགས། ཧུའུ་པེ་དང་། ཧུའུ་ནན། སི་ཁྲོན། བོད་ལྗོངས་སོགས་ནས་ཡོང་བའི་འཐུས་མིའི་རུ་ཁག་9ཡི་ལུས་རྩལ་པ་162ཀྱིས་དུས་ཡུན་ཉིན་8ཀྱི་འགྲན་བསྡུར་ཁྲོད་མི་རིགས་མཐུན་སྒྲིལ་ཇེ་ཟབ་ཏུ་བཏང་ཡོད། ད་དུང་འགྲན་བསྡུར་བྱེད་ཞོར་དུ་ལྷ་མོའི་འཁྲབ་སྟོན་དང་། ཁྱད་ལྡན་ཡུལ་སྐོར་རིག་གནས་འོས་སྦྱོར། མེ་ཕུང་དགོང་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་ནས་མི་རིགས་ཁག་གི་ལུས་རྩལ་པས་འགྲན་བསྡུར་གྱི་ཞོར་ལ་མཉམ་དུ་མཛའ་གྲོགས་དང་མཐུན་སྒྲིལ་གྱི་སྐོར་གླེང་བ་རེད། 2025ལོའི་ཟླ་7པར། འགྲན་བསྡུར་སྐབས་གཉིས་པ་ལྷོ་ཁ་གྲོང་ཁྱེར་གྱི་ལུས་རྩལ་ཐང་དུ་གཉེར་བ་དང་། བརྗོད་དོན་གཙོ་བོ་ནི“བོད་མིའི་འབྱུང་གནས་ལྷོ་ཁ་རུ། འགྲན་རར་བློ་སེམས་གཅིག་ཏུ་སྒྲིལ”ཞེས་པ་དེ་རེད། ཨན་ཧུའེ་དང་། ཧུའུ་ནན། མཚོ་སྔོན་ཡུལ་ཤུལ། ཀན་སུའུ་ཀན་ལྷོ་བཅས་དང་དེ་བཞིན་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་དང་མཐོ་སློབ་བཅས་ནས་ཡོང་བའི་འཐུས་མིའི་རུ་ཁག་10ཡིས་ས་བབ་སྨི་3500ཟིན་པའི་ས་མཐོའི་སྔོ་ལྗང་གི་རྐང་རྩེད་སྤོ་ལོའི་ཐང་དུ་འགྲན་བསྡུར་བྱས་པ་རེད། འགྲན་བསྡུར་བྱེད་རིང་ཉིན་རེར་ཆ་སྙོམས་ལྟད་མོ་བ་2000ལྷག་ཙམ་དང་ཡུལ་སྐོར་བ་ཁྲི་17.5ལྷག་ཙམ་མ་བོས་གཅིག་ཏུ་འཛོམས་ཡོད།
2026ལོའི་ཟླ་6པར། “སེ་འབྲུ་བུམ་པའི”འགྲན་བསྡུར་སྐབས་གསུམ་པར་ཞུགས་མཁན་རུ་ཁག་19བར་མང་དུ་ཕྱིན་པ་དང་། དེའི་ནང་ཧུའུ་པེ་དང་། ཧུའུ་ནན། ཨན་ཧུའེ། ཡུན་ནན། ཉིང་ཞ། མཚོ་སྔོན་ཡུལ་ཤུལ་བཅས་དང་དེ་བཞིན་བོད་རང་གི་རུ་ཁག་དང་ནེ་པ་ལའི་འཐུས་མིའི་རུ་ཁག་ཚུད་ཡོད། ཧུའུ་ནན་ཡུང་ཀྲོའུ་ཡི་རྐང་རྩེད་སྤོ་ལོའི་རུ་ཁག་གདན་ཞུས་ལྟར་འགྲན་བསྡུར་ལ་ཐེངས་དང་པོ་ཞུགས་ཡོད། སྐབས་དེའི་འགྲན་བསྡུར་ལ་རྒྱལ་ཁབ་རིམ་པའི་ཤན་འབྱེད་པ་8དང་ས་ཁུལ་དང་གྲོང་ཁྱེར་ཁག་གི་རིམ་པ་དང་པོའི་ཤན་འབྱེད་པ་14བཀོད་སྒྲིག་བྱས་ཡོད་ལ། འདུམ་གཅོད་ཨུ་ལྷན་བཙུགས་ཏེ་འགྲན་བསྡུར་དྲང་གཞག་དང་ཚད་ལྡན་ཡོང་བའི་འགན་ལེན་བྱས་ཡོད།
འགྲན་བསྡུར་སྐབས་གསུམ་བྱས་པ་བརྒྱུད། འགྲན་བསྡུར་གྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ནུས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། 2026ལོའི་ཟླ་4པར“སེ་འབྲུ་བུམ་པའི”རྩྭ་ཐང་རྐང་རྩེད་སྤོ་ལོའི་གདན་ཞུས་འགྲན་བསྡུར་དེ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་མང་ཚོགས་ཀྱི“སྤོ་ལོ་གསུམ”གྱི་འགྲན་བསྡུར་རྩེ་གྲའི་མིང་ཐོར་ཚུད་ནས་གངས་ལྗོངས་ས་མཐོའི་ཁྱད་ལྡན་ལུས་རྩལ་རིག་གནས་ཀྱི་མིང་བྱང་དུ་གྱུར་ཡོད།
མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཟམ་སྐྲུན་པ།
འགྲན་རར་མི་རིགས་མི་འདྲ་བའི་སྤོ་ལོ་རྒྱག་མཁན་གྱིས་རྐང་རྩེད་སྤོ་ལོར་བརྟེན་ནས་བརྩེ་སེམས་ཟབ་མོ་ཆགས་པར་བྱས་ཡོད། འགྲན་རའི་ཕྱི་རོལ་དུ་ཉིན་རེར་ཆ་སྙོམས་མི་རིགས་ཁག་གི་མང་ཚོགས་སྟོང་ཕྲག་ཁ་ཤས་འགྲན་བསྡུར་ལྟ་བར་ཡོང་ཡོད།
“སེ་འབྲུ་བུམ་པའི”རུ་ཁག་མང་དུ་ཕྱིན་པ་དེ་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད། ཧུའུ་པེ་དང་། ཧུའུ་ནན། ཨན་ཧུའེ་བཅས་ནི་ལྷོ་ཁའི་ཁ་གཏད་བོད་སྐྱོར་ཞིང་ཆེན་ཡིན་ཞིང་། ལུས་རྩལ་འཇུག་སྒོར་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས“ཚོགས་སྒྲིག་རྣམ་པའི”ལས་ཀའི་བསམ་ཕྱོགས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཧུའུ་པེ་དང་། ཧུའུ་ནན། ཨན་ཧུའེ་བཅས་ཞིང་ཆེན་གསུམ་དུ་ལས་ཞུགས་ཀྱི་ལྟ་སྦྱོང་རྟེན་གཞི་མང་པོ་བསྐྲུན་ཡོད་པ་དང་། ཉེ་བའི་ལོ་ཤས་རིང་རིམ་རྩིས་བརྒྱབ་ན་ལས་ཞུགས་བོད་སྐྱོར་གྱི་ལས་གནས་ཁྲི་1.3སྤྱི་འདོམས་གསར་སྤེལ་བྱས་པ་དང་ཐེམ་ཁུངས་ལྷོ་ཁའི་མཐོ་སློབ་སློབ་ཐོན་སློབ་མ་རིམ་རྩིས་བརྒྱབ་ན་ལྗོངས་ཕྱིར་མི་3124ལས་ཞུགས་ཐུབ་པར་བྱས་ཡོད། རོགས་སྐྱོར་བྱ་ཡུལ་དང་རོགས་སྐྱོར་བྱེད་མཁན་ཕྱོགས་གཉིས་པོས་སྤེལ་རེས་ཀྱི་བྱེད་སྒོ་ཐེངས་ཆིག་སྟོང་ཙམ་སྤེལ་ནས་ལྗོངས་ཕྱི་ནང་གི་ཤེས་ལྡན་མི་སྣ་ཕན་ཚུན་འགྲོ་འོང་བྱེད་པར་སྐུལ་འདེད་བཏང་སྟེ། བོད་སྐྱོར་གྱི་བརྩེ་སེམས་དེ་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཐག་བརྟན་པོ་ཞིག་ཏུ་འགྱུར་བ་བྱས་ཡོད།
མི་རིགས་མཉམ་འདྲེས་ཀྱི་འཕེལ་རྒྱས་རྨང་གཞི་བརྟན་དུ་བཏང་བ།
ལྷོ་ཁ་གྲོང་ཁྱེར་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། མོན་པ་རིགས། ལྷོ་པ་རིགས་སོགས་མི་རིགས་29ཡི་མང་ཚོགས་ཁྲི་35ལྷག་ཙམ་ཡོད། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དེ་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་བ་དང་། འགྲན་བསྡུར་སྣེ་ཁྲིད་དུ་བྱེད་པ། མཉམ་འདྲེས་ཀྱི་རྣམ་པ་ཟབ་ཏུ་གཏོང་བ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་དེ་གྲོང་ཁྱེར་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བའི་ཕྱོགས་གང་སར་མཉམ་འདྲེས་ཐུབ་པ་བྱས་ཡོད།
འགྲན་བསྡུར་སྣེ་ཁྲིད་དུ་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཏོད་ཅིང་། གྲ་ནང་ཀྲུང་གོའི“ངོ་མཚར”འགྲན་སློང་འགྲན་བསྡུར་དེ་བསམ་ཡས་དགོན་དང་། ཡར་ཀླུང་གཙང་པོའི་རགས་ཆེན། བྱེ་ཐང་སྤྱི་གླིང་བཅས་ལུ་གུ་རྒྱུད་དུ་འབྲེལ་བ་དང་། ཡར་འབྲོག་གཡུ་མཚོ་སྐོར་བའི་རྐང་འཁོར་ཡོངས་བསྒྲགས་འགྲན་བསྡུར་གྱིས་མཚེའུ་དང་། གངས་རི། གནའ་བོའི་དགོན་སྡེ་བཅས་ཀྱི་མཛེས་ལྗོངས་ཁུལ་གཅིག་ཏུ་སྦྲེལ་བ་མ་ཟད། འགྲན་ལམ་རྒྱུད་དུ་མངོན་མིན་རིག་གནས་ཤུལ་བཞག་གི་ཉམས་ལེན་ས་ཚིགས་བཙུགས་པ་དང་། འཚེམ་དྲུབ་དང་། སྣམ་བུ། སྤོས་བཟོ་རྩལ་བཅས་གཅིག་སྡུད་འགྲེམས་སྟོན་བྱས་ལ། “འགྲན་བསྡུར་བྱེད་ཀྱིན་ལྷོ་ཁར་ཡུལ་སྐོར་བྱེད་པའི”ཆེད་དོན་ལམ་སྟོན་དཔེ་རིས་བཏོན་ནས“འགྲན་བསྡུར་རེ་རེར་བལྟས་ནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་བྱ་རྒྱུ”མངོན་འགྱུར་ཐུབ་པ་བྱས་ཡོད།
སྡེ་ཁུལ་ནི་མི་རིགས་མཉམ་འདྲེས་ཀྱི་ཟུར་ཞིག་ཡིན། “སྟག་མའི་དགའ་ཚལ”དང་། “སྐར་དམར་སྡེ་ཁུལ” “དགའ་གདོང་མཐུན་སྒྲིལ་གྲོང་གསར”སོགས་སྒར་རེས་རྣམ་པའི་སྡེ་ཁུལ་དེ་མི་རིགས་ཁག་གི་མང་ཚོགས་འཆམ་མཐུན་མཉམ་གནས་ངང་བདེ་སྐྱིད་འཚོ་བར་རོལ་བའི་བསྡུས་རིས་ཤིག་ཏུ་གྱུར་ཞིང་། སྣེ་གདོང་ཆུས་སྐར་དམར་སྡེ་ཁུལ་གྱིས“ཁྱིམ་མཚེས་ཀྱི་ཕྱི་དྲོའི་ཇ”སོགས་དོན་གྲོས་ལམ་སྲོལ་ལ་བརྟེན་ནས་མང་ཚོགས་ཀྱི“བསམ་འདུན་ཆུང་ངུ”འགྲུབ་པར་བྱེད་པ་དང་། ཐེན་མ་རྒྱལ་སྤྱིའི་ཚོང་ལས་ལྟེ་གནས་སུ་མི་རིགས་མང་པོའི་ཚོང་པ་འདུས་ནས་ཕན་ཚུན་རོགས་རམ་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་ཀྱི་ཡོད། བཀྲ་ཤིས་ཆོས་རྟེན་སྡེ་ཁུལ་གྱིས་དམངས་སྲོལ་གནས་ཚང་གི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ལོ་ལྟར་ཡུལ་སྐོར་བ་མི་ཐེངས་ཁྲི་ལྷག་ཙམ་ལ་སྣེ་ལེན་ཞུ་གི་ཡོད་པས། སྡེ་ཁུལ་གྱི་གྲོང་མི་དང་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་འཆམ་མཐུན་མཉམ་གནས་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་ཟབ་པའི་གཏམ་རྒྱུད་བརྩམས་དང་རྩོམ་བཞིན་མཆིས།
མི་རིགས་མཐུན་སྒྲིལ་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་བས་ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་གྱིས“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར”གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་པ་དང་། གྲོང་ཁྱེར་ཡོངས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་དཔེ་བཟང་མཉམ་སྡེབ་14དང་དཔེ་བཟང་མི་སྒེར་22ཡོད་པ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ(ཚན་པ)12དང་སློབ་གསོའི་རྟེན་གཞི་1ཡོད་པ་རེད།
ཟླ་7ཚེས་4ཉིན། ལྷོ་ཁ་གྲོང་ཁྱེར་གྱི“སེ་འབྲུ་བུམ་པའི”རྩྭ་ཐང་རྐང་རྩེད་སྤོ་ལོའི་གདན་ཞུས་འགྲན་བསྡུར་སྐབས་གསུམ་པ་མཇུག་འགྲིལ་ནས་ཡུལ་ཤུལ་དང་། ནེ་པ་ལ། ནག་ཆུ་བཅས་ཀྱི་རུ་ཁག་ལ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་སོ་སོར་ཐོབ་ཡོད།
འགྲན་བསྡུར་འབྲེལ་ཟམ་དུ་བྱས་ནས་ཕྱོགས་བཞིའི་འབྲེལ་བ་ཟབ་ཏུ་བཏང་། ལུས་རྩལ་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཐུན་སྒྲིལ་གྱི་རི་མོ་མཉམ་དུ་བཀོད། ལྷོ་ཁར“སེ་འབྲུ་བུམ་པའི”རྩྭ་ཐང་རྐང་རྩེད་སྤོ་ལོའི་གདན་ཞུས་འགྲན་བསྡུར་གྱིས་མཚོན་པའི་ལུས་རྩལ་འགྲན་བསྡུར་ཁག་གིས་ཡར་ཀླུང་ས་གཞི་ཆེ་མོར་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་དུས་རབས་ཀྱི་ལེའུ་གསར་རྩོམ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།