དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བློ་སེམས་གཅིག་མཐུན་ཆེ་ཤོས་ཡོང་བར་བྱེད་པ།

    རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-24

    ཉིན་ཤས་བསྟུད་མར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་ལྟེ་བའི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། རིག་པ་གཅིག་ལ་སྒྲིམ་པ། ནུས་ཤུགས་གཅིག་ལ་འདོན་པ་བཅས་བྱས་ཏེ། གངས་ལྗོངས་ས་མཐོར་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་བློ་སེམས་གཅིག་མཐུན་ཡོང་བར་བྱེད་ཀྱི་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད།

    “མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོ་དང་། རྒྱལ་ཡོངས་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་མཐུན་སྒྲིལ་ཆེན་པོ་བཅས་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། མི་དམངས་དུང་ཕྱུར་དུ་མའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་གཞི་རིམ་བཅོས་སྐྱོང་དང་མི་རིགས་མཐུན་སྒྲིལ་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བྱ་ས་ཁྲོམ་གཞུང་སྐར་དམར་སྡེ་ཁུལ་དུ། ཏང་ཀྲི་པུའི་ཧྲུའུ་ཅི་ནོར་བུ་བཀྲ་ཤིས་ཀྱིས་སྡེ་ཁུལ་གྱི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གསུང་བཤད་གལ་ཆེན་གྱི་མ་ཡིག་གི་ཡིག་འབྲུ་རེ་རེ་བཞིན་ལ་གོ་བ་ལེན་བཞིན་ཡོད། 2023ལོར་བཙུགས་མ་ཐག་པའི་སྡེ་ཁུལ་དེ་ནི་ལྷོ་ཁ་གྲོང་ཁྱེར་གྱི་སྒར་རེས་རྣམ་པའི་གྲོང་ཁྱེར་སྡེ་ཁུལ་ཐོག་མ་ཡིན་པ་དང་། དེར་རྒྱ་རིགས་དང་། བོད་རིགས། ཧུད་རིགས། མོན་པ་རིགས། ལྷོ་པ་རིགས་སོགས་མི་རིགས་23གྱི་གྲོང་མི་ཁྲི་1.1ལྷག་ཙམ་འཚོ་བ་སྐྱེལ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། སྡེ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་རྐང་ལ་དམ་པོར་དམིགས་ནས། སེ་འབྲུ་དམར་པོའི་ཁྱིམ་གཞིས་དང་གཞོན་ནུ་ཤེས་ལྡན་པའི་ས་ཚིགས་སོགས་ཆུ་ཚོད་24ཡི་རིང་རྒྱུན་མཐུད་ལས་ཀ་བྱེད་པའི་ཞབས་ཞུ་བྱ་ཡུལ་བཏོད་དེ།

    ལོར་ཆ་སྙོམས་མི་རིགས་ཁག་གི་མང་ཚོགས་མི་ཐེངས་ཁྲི་1ལྷག་ཙམ་ལ་ཞབས་འདེགས་ཞུས་པས་2025ལོའི་ཟླ་དགུ་པར་ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་ཡོད། “སྐར་དམར་ཀུང་ཧྲེ” ནས“སྐར་དམར་སྡེ་ཁུལ”བར“དམར་མདངས་བཀྲ་བའི་སྐར་དམར་གྱི། སེམས་པ་ཏང་ལ་ཕྱོགས”པའི་ཐོག་མའི་བསམ་འདུན་ནམ་ཡང་གནས་པར་བྱས་ཡོད།

    སྐད་བརྡ་འཕྲོད་ན་སེམས་པ་མཐུན། སེམས་པ་མཐུན་ན་བརྩེ་སེམས་ཟབ། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང“སྤྲང་པོའི་གྲོང་ཚོ”ཞེས་འབོད་པའི་ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སུ་གྱུར་ཏེ། ད་ཆ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལེའུ་གསར་རྩོམ་བཞིན་ཡོད། རྒྱལ་ཡོངས་ཀྱི་སྐད་གཉིས་སློབ་སྦྱོང་གི་དམིགས་བསལ་སྡེ་ཁུལ་འབའ་ཞིག་ཡིན་པའི“སྐད་གཉིས་སློབ་ཁང་ཆུང་ངུས”ལོ་འཁོར་མོར་སློབ་ཚན་འཚོགས་ཏེ་བོད་རིགས་གྲོང་མིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བ་དང་། རྒྱ་རིགས་དང་ཧུད་རིགས་ཚོང་དུད་ཀྱིས་བོད་སྐད་སྦྱངས་ནས་ཕན་ཚུན་སློབ་སྦྱོང་དང་རོགས་རེས་བྱེད་རིང་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཁྱིམ་ཚང་16ཐོན་ཡོད།

    སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་བྱམས་པ་བཀྲ་ཤིས་ཀྱིས“ཀླུ་སྒུག་སྡེ་ཁུལ་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་བཏང་བའི་མཚོན་ཚུལ་ཞིག་ཡིན་པས། ང་ཚོས་སེམས་སྦྲེལ་ཟམ་པའི་ནུས་པ་མུ་མཐུད་ཡག་པོ་བཏོན་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྲོལ་རྒྱུན་དུས་ཆེན་མཉམ་དུ་གཏོང་བ་དང་དམངས་སྲོལ་རིག་གནས་ལ་ཕན་ཚུན་སློབ་སྦྱོང་བྱེད་རིང་སྡེ་ཁུལ་འདི་ཉིད་ཕན་ཚུན་ལྟ་སྐྱོང་བྱེད་པའི་ཁྱིམ་ཚང་ཆེན་པོ་ཞིག་གཏོད་དགོས”ཞེས་བཤད་པ་དང་། དེར་ལོ་མང་བསྡད་པའི་ཧུད་རིགས་ཚོང་པ་མཱ་ཀ་ཤིས་མུའུ་ཡིས“དུས་ཆེན་འཆར་རིམ་བཞིན་སྡེ་ཁུལ་ནང་འཁྲུག་ཆ་དོད་པའི་བྱེད་སྒོ་སྤེལ་གྱི་ཡོད་པས། ཀླུ་སྒུག་ནི་ངའི་ཕ་ཡུལ་གཉིས་པ་ཡིན”ཞེས་བཤད།

    རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་ཉི་མ་ཚེ་རིང་ལྷོ་ཁ་གྲོང་ཁྱེར་དུ་སྒྲོག་འགྲེལ་བྱས་མ་ཐག་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་དུ་སྒྲོག་འགྲེལ་བྱེད་པར་བསྐྱོད་ཅིང་། རྒྱ་རིགས་དང་། བོད་རིགས། ཧུད་རིགས། མོན་པ་རིགས་སོགས་མི་རིགས་13འདུས་སྡོད་བྱེད་སའི་སྡེ་ཁུལ་རྙིང་པ་དེར“སེ་འབྲུའི་ཁྱིམ་གཞིས”བསྐྲུན་པ་དང་རིག་རྩལ་རུ་ཁག་བཙུགས་ཏེ་ལོར་ཆ་སྙོམས་འཁྲབ་སྟོན་ཐེངས་180ལྷག་ཙམ་བྱས་པར་སྔ་རྗེས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་སོགས་ཀྱི་མཚན་སྙན་ཐོབ་ཡོད།

    “མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པས། ངས་མུ་མཐུད་སྒྲོག་འགྲེལ་བྱས་ཏེ་མི་རིགས་དབར་གྱི་མཐུན་སྒྲིལ་སྲུང་མཁན་དང་བརྒྱུད་སྤེལ་མཁན་ཞིག་བྱས་ཏེ་མང་ཚོགས་དེ་བས་མང་བ་སེ་འབྲུའི་རྡོག་བཞིན་གོང་བུ་སྒྲིལ་དུ་བཅུག་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་ཉི་མ་ཚེ་རིང་གིས་བཤད།

    བློ་སེམས་གཅིག་མཐུན་ཇི་ཙམ་བྱུང་བ་དེ་ཙམ་གྱིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ཐུབ། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཁྲི་300ལྷག་ཙམ་གྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་ཞིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྡོག་རྩ་གཅིག་ཏུ་བསྒྲིལ་བ་དང་འབད་འཐབ་རླབས་པོ་ཆེ་གསར་པར་བརྟེན་ནས་ལོ་རྒྱུས་ཀྱི་རླབས་ཆེའི་བྱ་གཞག་གསར་པ་བཏོད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་མཛེས་སྡུག་ལྡན་པའི་འདུན་པ་རིམ་བཞིན་མངོན་འགྱུར་ཐུབ་ངེས་ཡིན་པ་ཚང་མར་ཡིད་ཆེས་བརྟན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།