2026ལོའི་ཀྲུང་གོའི་ཐོན་ལས་གཞན་སྒྱུར་འཕེལ་རྒྱས་ཀྱི་སྦྲེལ་མཐུད་བྱེད་སྒོ(བོད་ལྗོངས)ཟླ་7ཚེས་28ཉིན་ནས་སྤེལ་འགོ་འཛུགས་རྒྱུ་ཡིན་པ།
ཚེས་22ཉིན། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པའི་2026ལོའི་ཀྲུང་གོའི་ཐོན་ལས་གཞན་སྒྱུར་འཕེལ་རྒྱས་ཀྱི་སྦྲེལ་མཐུད་བྱེད་སྒོ(བོད་ལྗོངས)ཟླ་7ཚེས་28ནས་30ཉིན་བར་ལྷ་སར་སྤེལ་རྒྱུ་ཡིན་པ་དང་། དེ་ནི་བོད་དུ་རྒྱལ་ཁབ་རིམ་པའི་ཐོན་ལས་གཞན་སྒྱུར་འཕེལ་རྒྱས་ཀྱི་སྦྲེལ་མཐུད་བྱེད་སྒོ་སྤེལ་ཐེངས་དང་པོ་ཡིན་ཞིང་། མིག་སྔར་གྲ་སྒྲིག་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོས“འཐབ་ཇུས་ཀྱི་གོ་སྐབས་གསར་པ་མཉམ་སྤྱོད་བྱེད། འཕེལ་རྒྱས་ཀྱི་ལེའུ་གསར་མཉམ་དུ་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས“1+3+X”ཡི་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་བྱས་ཡོད། “1”ནི་འགོ་ཚུགས་མཛད་སྒོ་ཡིན་པ་དང་། འགོ་ཚུགས་མཛད་སྒོར་ལྗོངས་ཐད་གཏོགས་འབྲེལ་ཡོད་ཚན་པས་ཐོན་ལས་འོས་སྦྱོར་བྱ་རྒྱུ་མ་ཟད་རྣམ་གྲངས་ལ་གན་འཇོག་མཛད་སྒོ་སོགས་ཀྱི་བྱེད་སྒོའང་སྤེལ་རྒྱུ་དང་། “3”ནི་ནུས་རྒྱུ་གཙང་མ་དང་། ཐོན་ཁུངས་ལས་སྣོན། གཙོ་གནད་ལས་གྲྭ་བཅས་ལ་དམིགས་ཏེ་ཆེད་དོན་གྱི་སྦྲེལ་མཐུད་བྱེད་སྒོ་ཁག་3སྤེལ་རྒྱུ་ཡིན་པ་དང་བྱེད་སྒོར་འབྲེལ་ཡོད་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་གཙོ་དོན་གཏམ་བཤད་སྤེལ་བ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ས་ཁུལ(གྲོང་ཁྱེར)ཁག་གཅིག་དང་དེ་བཞིན་བཟོ་ལས་གླིང་གིས་ཐོན་ལས་འོས་སྦྱོར་སོགས་བྱས་ཏེ་མཉམ་ལས་རྣམ་གྲངས་ཁག་གཅིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་རྒྱུ། “X”ཡི་ལེ་ལག་བྱེད་སྒོས་ཚོགས་ཞུགས་འཐུས་མིའི་འདོད་འདུན་དང་རེ་བར་གཞིགས་ཏེ་ཚོགས་ཞུགས་འཐུས་མི་དང་ལྗོངས་ཕྱིའི་ཁེ་ལས་མཁས་ཅན་རྣམས་འབྲེལ་ཡོད་ས་ཁུལ(གྲོང་ཁྱེར)དུ་བསྐྱོད་ནས་ས་ཆ་དངོས་སུ་རྟོག་ཞིབ་དང་སྤེལ་རེས་སྦྲེལ་མཐུད་བྱེད་པར་སྒྲིག་འཛུགས་བྱ་རྒྱུ་བཅས་རེད།
འབྲེལ་ཡོད་གསར་འགྱུར།