ཝང་ཧུའུ་ཉིང་གིས་བོད་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།
དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་བོད་ལྗོངས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

ཟླ་7ཚེས་19ཉིན་ནས་ཚེས་22ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་བོད་དུ་བརྟག་ཞིབ་གནང་ཞིང་། འདི་ནི་ཟླ་7ཚེས་21ཉིན་ཝང་ཧུའུ་ཉིང་གིས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གི་གྲོང་མིར་གཟིགས་པར་ཕེབས་པ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་19ཉིན་ནས་ཚེས་22ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་བོད་དུ་བརྟག་ཞིབ་གནང་བ་རེད། ཁོང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་རྒྱུན་མཐུད་དམ་འཛིན་ཡག་པོ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།
ཝང་ཧུའུ་ཉིང་ལྷ་ས་གྲོང་ཁྱེར་དང་མངའ་རིས་ས་ཁུལ་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ལྷ་སའི་མཐུན་སྒྲིལ་སྤྱི་གླིང་དང་སེ་ར་དགོན། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་གསེར་གཞུང་ཐང་ཆེན། རྩྭ་མདའ་རྫོང་གི་མཐོ་ལྡིང་དགོན་དང་། འབྱོར་འབྲིང་གྲོང་ཚོ། མངཌ་གཏོང་ཁང་། འཕྲོད་བསྟེན་ཁང་། སྒར་རྫོང་གི་བདེ་མཆོག་གྲོང་ཚོ་སོགས་སུ་ཕེབས་ནས། སྤྱི་ཚོགས་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། དགོན་སྡེ་དོ་དམ། མཐའ་དར་དམངས་ཕྱུག ལོ་རྒྱུས་དང་རིག་གནས་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་མ་ཟད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་བཞུགས་མོལ་སྤེལ་རེས་ཀྱང་གནང་བ་རེད།
ཝང་ཧུའུ་ཉིང་གིས་གསུངས་དོན། བོད་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས་ཤིང་། ཁྲིམས་ལྟར་བོད་སྐྱོང་གི་བླང་བྱ་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་དང་མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་བརྟན་དུ་གཏོང་དགོས། མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་པས། ཏང་དབུ་བརྙེས་ནས་ལོ་ངོ་105སོང་རིང་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75སོང་རིང་གངས་ལྗོངས་ས་མཐོར་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་གི་དྲིལ་བསྒྲགས་སློབ་གསོར་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་འབྲས་ཡོད་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཟབ་ཏུ་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་པར་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་པའི་བླང་བྱ་གཞིར་བཟུང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་རྒྱུན་ཆད་མེད་པར་ཁྲིད་སྟོན་བྱེད་དགོས། བོད་ཀྱི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་དང་། གནའ་རྫས་རྟོག་ཞིབ་ཀྱི་དངོས་རྫས། རིག་གནས་ཤུལ་བཞག་སོགས་སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་འཕེལ་རིམ་མངོན་པ་དང་ཀྲུང་ཧྭའི་ཤེས་དཔལ་གྱི་ཕུན་སུམ་ཚོགས་ཤིང་འོད་སྟོང་འཕྲོ་བའི་རྣམ་པ་མངོན་པར་བྱེད་དགོས། དུས་རབས་གསར་པའི་མཐའ་དར་དམངས་ཕྱུག་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བར་རོལ་ཐུབ་པ་བྱེད་དགོས།
བརྟག་ཞིབ་གནང་རིང་། ཝང་ཧུའུ་ཉིང་ད་དུང་མངའ་རིས་ས་ཁུལ་སྲིད་གྲོས་ལས་ཁུངས་སུ་ཕེབས་ནས་མངའ་རིས་ས་ཁུལ་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། མངའ་རིས་ས་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་བཅས་དང་དེ་བཞིན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པར་གཟིགས་པ་རེད།
ལི་ཀན་ཅེ་བརྟག་ཞིབ་ལ་ལྷན་དུ་ཕེབས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།