ཞི་ཅིན་ཕིང་གིས་རྨང་གཞིའི་སློབ་གསོའི་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།
ཏིང་ཤུའེ་ཞང་རྒྱལ་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་ལས་དོན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྨང་གཞིའི་སློབ་གསོའི་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་རྨང་གཞིའི་སློབ་གསོ་དེ་ཉིད་གཞི་རྩ་དང་སྔོན་ཁྲིད་རང་བཞིན་གྱི་ལས་དོན་ལ་བརྩིས་ནས་དམ་འཛིན་དང་། ཐབས་མང་མཉམ་དུ་སྤྱད་དེ་རྨང་གཞིའི་སློབ་གསོ་གོང་འཕེལ་མྱུར་པོ་འགྲོ་བར་སྐུལ་འདེད་བཏང་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱང་ལམ་གསར་པར། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བློ་སྦྱོང་བསླབ་སྐྱོང་རྒྱུན་འཁྱོངས་ལྷོད་མེད་བཅས་བྱས་ཏེ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས། སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་ཞུས་ཏེ་བདེ་ཐང་ཨང་དང་པོར་འཇོག་པའི་སློབ་གསོའི་འདུ་ཤེས་དོན་འཁྱོལ་དང་། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་བཏང་ནས། རྒྱ་ཆེའི་སློབ་མ་ལུས་སེམས་བདེ་ཐང་དང་། འཚར་ལོངས་ཡག་པོ། ཤེས་ལྡན་པར་གྱུར་པ་བཅས་ལ་སྐུལ་འདེད་གཏོང་དགོས། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་འཚམ་པར་བྱས་ཏེ། རྨང་གཞིའི་སློབ་གསོ་ལེགས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་བཏང་ནས་སློབ་གསོ་འདྲ་མཉམ་གྱི་མཐའ་ཚད་བརྟན་པོར་སྲུང་དགོས། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་དགེ་རྒན་གྱི་དཔུང་ཁག་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ནས་སློབ་གཉེར་ཐོན་ཁུངས་བཀོད་སྒྲིག་ཡག་པོ་བྱེད་པ་དང་། སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་ཟབ་ཏུ་གཏོང་བ། སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་མཉམ་ཤུགས་སྒྲིལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
ཟླ་7ཚེས་22ཉིན། རྒྱལ་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཏིང་ཤུའེ་ཞང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རྨང་གཞིའི་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
ཏིང་ཤུའེ་ཞང་གིས་ནན་བཤད་གནང་དོན། དུས་རབས་གསར་པའི་རྨང་གཞིའི་སློབ་གསོའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། དེའི་ཁྲོད་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི” བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། སློབ་གསོའི་ཆབ་སྲིད་ཀྱི་གཏོགས་གཤིས་དང་། མི་དམངས་ཀྱི་གཏོགས་གཤིས། འཐབ་ཇུས་ཀྱི་གཏོགས་གཤིས་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་འཚམ་པར་བྱས་ནས། རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
ཏིང་ཤུའེ་ཞང་གིས་གསུངས་དོན། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྦྱོང་བསླབ་སྐྱོང་དང་། གསོ་སྐྱོང་ལྔ་མཉམ་སྤེལ་དང་གསོ་སྐྱོང་ལྔ་མཉམ་འདྲེས་མཐའ་འཁྱོངས་བྱས་ནས། སློབ་མ་བདེ་ཐང་ངང་འཚར་ལོངས་དང་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སློབ་བསྡུ་སློབ་ཞུགས་ཀྱི་དོ་དམ་ནན་དུ་བཏང་སྟེ། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་གྲོང་ཁྱེར་དུ་གླ་པ་རྒྱུག་པར་འགྲོ་མཁན་གྱི་བུ་ཕྲུག་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ་དང་། སློབ་གསོ་འདྲ་མཉམ་གྱི་མཐའ་ཚད་བརྟན་པོར་བསྲུངས་ནས། རྨང་གཞིའི་སློབ་གསོ་འཕེལ་རྒྱས་དོ་སྙོམས་ལ་སྐུལ་འདེད་གཏོང་དགོས། མི་འབོར་གྱི་འགྱུར་ལྡོག་དང་འཚམ་པའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་བྱེད་ལེགས་སུ་གཏོང་བ་དང་། འགྲོ་གྲོན་འགན་ལེན་དང་། སློབ་གྲྭའི་བཀོད་པ། སློབ་གནས་མཁོ་སྤྲོད། དགེ་རྒན་བཀོད་སྒྲིག་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་སྤྱི་འདོམས་བྱེད་དགོས། སློབ་མ་འཚར་ལོངས་ཡོང་བ་ལྟེ་བར་བྱས་ཏེ་སློབ་གསོ་སློབ་ཁྲིད་ཀྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་རྨང་གཞིའི་སློབ་གསོའི་ལེགས་ཆ་གསར་པ་གཞུང་འཁྱོངས་གསར་འབྱེད་ངང་གཏོད་དགོས། མཐུན་སྦྱོར་མཉམ་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱི་ནུས་པ་གང་ལེགས་བཏོན་ནས་མི་སྐྱོང་གི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། དགེ་རྒན་གྱི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་བ་དང་དགེ་རྒན་གྱི་ཐོབ་ཐང་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་བློ་བདེ་པོས་སློབ་གསོའི་ལས་ལ་གཞོལ་རྒྱུའི་ཡིད་དབང་འགུག་དགོས། ས་གནས་ཁག་དང་། འབྲེལ་ཡོད་སྡེ་ཚན་ཁག སློབ་གྲྭ་ཁག་བཅས་ཀྱིས་རྩ་འཛུགས་ཀྱི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།
སློབ་གསོ་པུའུ་དང་། ཀྲུང་དབྱང་ལས་ཁུངས་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། པེ་ཅིང་གྲོང་ཁྱེར། ཧུའུ་པེ་ཞིང་ཆེན། ཀན་སུའུ་ཞིང་ཆེན། པེ་ཅིང་དགེ་འོས་སློབ་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།
ཧྲི་ཐའེ་ཧྥུང་དང་། ལི་ཧྲུའུ་ལེ། ཝང་ཞའོ་ཧུང་། ཝུའུ་ཀྲེང་ལུང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར་བཅས་ཁག་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། སློབ་གསོ་པུའི་ཐད་གཏོགས་དགེ་འོས་སློབ་ཆེན་དང“རྒྱལ་ཁབ་ཀྱི་ཕུལ་བྱུང་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གསོ་སྦྱོང་འཆར་གཞི”ལག་བསྟར་སློབ་གླིང་གི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།