དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཕུགས་འདུན་དང་དད་སེམས་ནི་གུང་ཁྲན་ཏང་མིའི་བསམ་པའི་འཚོ་བཅུད་ཡིན”

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལི་ལིན་ཝུའེ། ཧོ་ཀྲའོ་ཡུས།   |     སྤེལ་དུས།  2026-07-23

    ཕུགས་འདུན་དང་དད་སེམས་ནི་ཏང་འཛུགས་ཏང་དར་གྱི་རྨང་གཞི་རེད་ལ། ཏང་ཡོན་ལས་བྱེད་པའི་ཆགས་ས་རྟེན་སའང་རེད། ཕུགས་འདུན་དང་དད་སེམས་ཞེས་པ་ནི་མར་ཁེ་སི་རིང་ལུགས་ཀྱི་དད་མོས་དང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་འདུན་ཆེན་པོ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་འདུན་བཅས་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག “རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་དེ་ཉིད་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་སྒྱུར་བཀོད་བྱེད་པའི་བསམ་བློའི་གོ་མཚོན་རྣོན་པོ་ཞིག་ཏུ་བརྩི་གི་ཡོད”ཅེས་དང་། “རང་རེའི་ཏང་གིས་གུང་ཁྲན་རིང་ལུགས་ཀྱི་ཕུགས་འདུན་ཆེན་པོ་བློ་ལ་འཆང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐལ་བརྒྱའི་བྱ་གཞག་རླབས་པོ་ཆེར་བློ་རྩེ་གཅིག་ཏུ་གཞོལ་གྱི་ཡོད”ཅེས་པ། “ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་བྱ་གཞག་རེད”ཅེས་བསྟན་གནང་ཡོད།

    ཕུགས་འདུན་དང་དད་སེམས་བརྟན་དུ་གཏོང་བ་ནི་ཏང་གི་བསམ་བློ་འཛུགས་སྐྱོང་གི་ལས་འགན་ཨང་དང་པོ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གསར་བརྗེའི་ཕུཌ་འདུན་གང་ལས་ལྷག”ཅེས་པ་ཐེངས་མང་དྲངས་ནས། ཕུགས་འདུན་དང་དད་སེམས་ཀྱི་གལ་ཆེའི་རང་བཞིན་གསལ་བཤད་གནང་ཞིང་། ཁོང་གིས“ཕུགས་འདུན་དང་དད་སེམས་ནི་གུང་ཁྲན་ཏང་མིའི་བསམ་པའི་འཚོ་བཅུད་ཡིན། གལ་ཏེ་གུང་ཁྲན་ཏང་མིར་ཕུགས་འདུན་དང་དད་སེམས་མེད་ན། ‘བསམ་པའི་འཚོ་བཅུད’མ་འདང་བར‘རུས་སྙིའི་ནད’ཕོག་ངེས་རེད”ཅེས་བསྟན་གནང་ཡོད།

    མིག་སྔར། ཏང་ཡོངས་སུ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བཞིན་ཡོད། རིམ་ཁག་འགོ་ཁྲིད་ལས་བྱེད་པས“ཡོད་མེད་བཞི”ལ་རང་རྟོགས་ངང་ལྟ་བསྡུར་དང་འཚོལ་བཤེར་བྱེད་པའི་དོན་ཚན་དང་པོ་ནི“རང་ཉིད་ཀྱི་བསམ་བློ་དང་བྱ་སྤྱོད་གུང་ཁྲན་རིང་ལུགས་ཀྱི་ཕུཌ་འདུན་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་འདུན་དང་ཕྱོགས་འཛོལ་ཡོད་མེད་ལ་ལྟ་དགོས་པ”དེ་རེད། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་བསམ་པའི་འཚོ་བཅུད་གང་ལེགས་གསབ་པ་དང་། ཕུགས་འདུན་དང་དད་སེམས་བརྟན་དུ་གཏོང་བ་དེ་ཚེ་གང་གི་ཞིབ་འཇུག་བྱ་གཞིར་བརྩིས་ནས། ཚེ་གང་ཡིད་ཆེས་དང་ཚེ་གང་བརྩི་སྲུང་ཞུ་དགོས་པའི་བླང་བྱ་བཏོན་ཡོད།

    ཕུགས་འདུན་དང་དད་སེམས་བརྟན་པོ་ནི་དུས་བབ་ལ་རྟོག་ཞིབ་དང་། འགྱུར་ལྡོག་ལ་ཁ་གཏད་གཅོག་པ། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་པ་བཅས་ཀྱི་ལམ་སྟོན་སྒྲོན་མེ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འདས་ཟིན་པ་ཡིན་ནའང་འདྲ། ད་ལྟ་ཡིན་ནའང་འདྲ། ཡང་ན་མ་འོངས་པ་བཅས་ག་དུས་ཡིན་རུང་། མར་ཁེ་སི་རིང་ལུགས་ལ་དད་པ་བྱེད་སེམས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་དད་སེམས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་ཡིད་ཆེས་བྱེད་སེམས་བཅས་ནི་ཀྲུང་གོ་མི་དམངས་ཡར་ལངས་པ་དང་། ཕྱུག་པོ་ཆགས་པ། སྟོབས་ཆེར་འགྲོ་བ་བཅས་ལ་ཁྲིད་སྟོན་དང་འདེགས་སྐྱོར་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་རེད”ཅེས་ནན་བཤད་གནང་ཡོད།

    ད་ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧོ་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཀྲུང་དབྱང་ཁེ་ལས་ཀྱི་ལས་བཟོ་དང་། མཐོ་སློབ་ཀྱི་དགེ་རྒན། སྨན་དོན་མི་སྣ་སོགས་ཞུང་ཨན་གྱི་གྲོང་མི་གསར་པ་ཚང་མ་གྲུང་ཤ་ལྷག་པར་དོད། སྤྱི་ཁྱབ་ཧྲུའུ་ཅིས“ཁྱེད་ཚོ་ནི་གསར་འབྱེད་པ་ཁག་དང་པོ་རེད། ཏང་གི་དགོས་མཁོར་བསྟུན་པ་དང་བཀའ་རྒྱ་བཏང་མ་ཐག་བྱ་སྤྱོད་སྤེལ་ནས། ཞུང་ཨན་དེ་ཉིད་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་མཐུན་སྦྱོར་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་ཡོད”ཅེས་བསྟན་གནང་ཡོད།

    གསར་བརྗེའི་དམག་འཁྲུག་གི་ལོ་རབས་སུ། ཏང་ཡོངས་དང་དམག་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་བཀའ་རྒྱ་ལག་ལེན་མཐར་ཕྱིན་བསྟར་བ་ནས། འཛུགས་སྐྲུན་ལོ་རབས་སུ། འགྲིམ་འགྲུལ་སློབ་ཆེན་གྱི་དགེ་སློབ་སྟོང་ཕྲག་གིས“ཁུག་མ་རྒྱབ་ཏུ་ཁུར་ནས་ཐོན་པ”དང་ནུབ་བྱང་དུ་བྱས་རྗེས་འཇོག་པར་བསྐྱོད་པའི་བར་དང་། ཡང་དེ་ནས་དུས་རབས་གསར་པའི་ཞུང་ཨན་ཁུལ་གསར་གྱི་འཛུགས་སྐྲུན་པས་རང་འགུལ་ངང་རེ་འདུན་ཞུས་ནས་འཐབ་ས་དང་པོར་འབད་འཐབ་བྱས་པ་ལ་སོགས་བར།

    བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ་དང་ཏང་གི་དགོས་མཁོར་བསྟུན་པ་ཚང་མ་ནི་ཕུགས་འདུན་དང་དད་སེམས་བརྟན་པོ་ལས་བྱུང་བ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕུགས་འདུན་དང་དད་སེམས་བརྟན་པོ་བྱུང་ན། སེམས་ནང་ཏང་ཡོད་པ་དང་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་འགྲོ་ངེས་རེད”ཅེས་བསྟན་གནང་ཡོད།

    ཕུགས་འདུན་དང་དད་སེམས་བརྟན་པོ་ནི་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་གོ་བ་གཏིང་ཟབ་ལེན་པའི་ལྡོག་མེད་བླང་བྱ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དེ་རིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་གསོན་ཤུགས་རབ་ཏུ་རྒྱས་པ་དེ་ལས་མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་གི་རང་བཞིན་དང་བདེན་དོན་གྱི་རང་བཞིན་ལ་ཞིབ་དཔྱད་གང་ལེགས་ཐུབ་པ་དང་། མར་ཁེ་སི་རིང་ལུགས་ཀྱི་མི་དམངས་ཀྱི་རང་བཞིན་དང་ལག་ལེན་གྱི་རང་བཞིན་གསལ་པོར་མངོན་པ། མར་ཁེ་སི་རིང་ལུགས་ཀྱི་སྒོ་དབྱེའི་རང་བཞིན་དང་དུས་རབས་ཀྱི་རང་བཞིན་གསལ་པོར་མཚོན་གྱི་ཡོད”ཅེས་ནན་བཤད་གནང་ཡོད།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ནང་དོན་གཙོ་བོ་དེ“ཁ་གསལ་བརྒྱད”དང“མཐའ་འཁྱོངས་བཅུ་བཞི”རུ་སྙིང་བསྡུས་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་སྙིང་བསྡུས་བྱས་པ་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“ཁ་གསལ་བཅུ”དང་། “མཐའ་འཁྱོངས་བཅུ་བཞི” “ཕྱོགས་བཅུ་གསུམ་ཐད་ཀྱི་གྲུབ་འབྲས”བཅས་སུ་སྙིང་བསྡུས་བྱས་པའི་བར།“ཟུང་འབྲེལ་གཉིས”དང“ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་དྲུག”སོགས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཚན་རིག་དང་མཐུན་པའི་བྱ་ཐབས་ཕྱོགས་སྡོམ་ཞུན་བརྡར་དང་གསལ་འགྲེལ་གཏིང་ཟབ་བྱས་ཡོད། དེ་ནི་དུས་རབས་གསར་པའི་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་ཁྲོད་དང་མ་ལག་ཅན་དང་རིགས་ལམ་ཅན་གྱི་བརྒྱུད་རིམ་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཕྱིན་ནས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་ཞིག་ཏུ་གྲུབ་ཡོད།

    “བདེན་དོན་ངོས་འཛིན་དང་། བདེན་དོན་ཁོང་དུ་ཆུད་པ། བདེན་དོན་ལ་དད་མོས། བདེན་དོན་ལ་སྲུང་སྐྱོང་བཅས་བྱ་རྒྱུ་ནི་ཕུགས་འདུན་དད་སེམས་བརྟན་དུ་གཏོང་བའི་བསམ་པའི་སྔོན་འགྲོའི་ཆ་རྐྱེན་རེད”

    ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོ་ཐེངས་9སྤེལ་ཞིང་། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་སློབ་གསོ་དོ་དམ་ལས་དོན་སྲོལ་ཡིག》བཀྲམ་པ་དང་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་ལས་དོན་གྱི་ལོ་ལྔའི་འཆར་གཞི་བསྟུད་མར་རེས་སྐོར་གསུམ་བཀོད་ནས་ལག་བསྟར་བྱས་པ་ལ་སོགས། དུས་རབས་གསར་པ་སླེབས་ཚུན་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཟབ་སྦྱོང་མཐིལ་རྟོགས་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་བ་དང་། བསམ་པའི“ཀལ”གསབ་པ་དང་བསམ་བློའི“བླ་སྲོག”བརྟན་དུ་བཏང་བ། བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཡོད།

    ཕུགས་འདུན་དད་སེམས་བརྟན་པོ་ནི་འབད་འཐབ་ལྷོད་མེད་དང་བརྩོན་འགྲུས་ལྷོད་མེད་བྱེད་པའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་རེད།

    ཝང་དབྱི་ཁྲང་ལོ་18ལ་སླེབས་སྐབས་དམག་ཏུ་ཞུགས་ནས་ཏང་གི་བཀོད་འདོམས་ལ་ཉན་མཁན་གྱི་མི་དམངས་བུ་ཕྲུག་དམག་ཅིག་བྱས་པ་དང་། ཝུའུ་ཧ་སི·སུའུ་ལའེ་མན་གྱིས་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཀ་བྱེད་པའི་གོ་སྐབས་དོར་ནས་རི་ཁུལ་འབྲོག་ཁུལ་དུ་བསྐྱོད་པ་ལ་སོགས། ད་ལོའི་ཟླ་7ཚེས་1ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཚོར་བྱས་རྗེས་གཟེངས་རྟགས་རེ་རེ་བཞིན་གནང་བ་དང་འབྲེལ་ཁོང་ཚོར་བྱམས་བརྩེའི་ངང་ཕྱག་བཏང་གནང་ནས་རྟེན་འབྲེལ་ཞུས་པ་རེད།

    “བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱེད་ཐུབ་མིན་དང་། དཀའ་སྡུག་སྔོན་ལ་མྱོང་ཐུབ་མིན་དང་བདེ་བ་རྗེས་སུ་སྤྱོད་ཐུབ་མིན། ལས་ཀར་བརྩོན་འགྲུས་བྱེད་ཐུབ་མིན་དང་གཞུང་ཞེན་རྣམ་དག་བྱེད་ཐུབ་མིན། ཕུགས་འདུན་གྱི་ཆེད་དུ་ཚེ་སྲོག་ལ་མ་འཛེམ་པར་འབད་འཐབ་བྱེད་ཐུབ་མིན་དང་། ལེགས་སྐྱེས་འབུལ་ཐུབ་མིན། རང་ཉིད་ཀྱི་སེམས་ནུས་ཡོད་ཚད་དང་ཐ་ན་ཚེ་སྲོག་འབུལ་ཐུབ་མིན”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གུང་ཁྲན་ཏང་ཡོན་ཞིག་དང་འགོ་ཁྲིད་ལས་བྱེད་པ་ཞིག་ལ་གུང་ཁྲན་རིང་ལུགས་ཀྱི་ཕུགས་འདུན་ཆེན་པོ་ལྡན་མིན་ལྟ་བའི་ཕྱི་རོལ་ཡུལ་གྱི་ཚད་གཞི་དེ་འདྲ་ཞིག་སྙིང་བསྡུས་གནང་ཡོད།

    ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འདི་ཉིད་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ལ“ལོ་རྒྱུས་ཀྱི་འོད་སྟོང་གསར་པ་ཧུར་ཐག་གཏོད་དགོས་པའི”རླབས་ཆེན་འབོད་སྐུལ་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།