དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་25ལས་ཐོག་མར་བརྒལ་བ།

    མི་ཐབས་རིག་ནུས་ཀྱི་འབྲེལ་ཡོད་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་སྒུལ་ཤུགས་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཨོའུ་དབྱང་ཅེ།   |     སྤེལ་དུས།  2026-07-23

    ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་25.47ཟིན་པ་དང་། གཞི་ཁྱོན་ལོ་རྒྱུས་ཀྱི་དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི་25ལས་ཐོག་མར་བརྒལ་ནས་དུས་མཚུངས་ལས་16.9%འཕར་བའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་14.73ཟིན་ནས་13.4%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་10.74ཟིན་ནས་22.1%འཕར་ཡོད་པ་རེད།

    ཟླ་7ཚེས་14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་གཞོན་པ་ཝང་ཅུན་གྱིས། “ད་ལོ་ཚུན། རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་འཕར་ཤུགས་ཆེ་བ་དང་འཕེལ་ཕྱོགས་བརྟན་པོ་བྱུང་ཡོད། དུས་ཚིགས་གཉིས་པར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་13.61ཟིན་པ་དེ་དུས་མཚུངས་ལས་18.4%འཕར་ནས། 2021ལོའི་དུས་ཚིགས་གསུམ་པ་ཚུན་གྱི་དུས་ཚིགས་ཀྱི་དུས་མཚུངས་ལས་འཕར་ཚད་མཐོ་ཤོས་སུ་སླེབས་ཡོད”ཅེས་བཤད།

    རྩིས་ནུས་མཁྲེགས་ཆས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་5.13ཟིན་ནས་56.6%འཕར་བ།

    གཞི་ཁྱོན་བརྟན་པོ་བྱུང་ཞིང་། རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་དངོས་ཟོག་ཚོང་དོན་རྒྱལ་ཁབ་ཆེན་པོ་ཨང་དང་པོར་སླེབས་ཡོད། ལོ་སྟོད་དུ་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི་3.68འཕར་ཡོད། ཟླ་རེ་ལྟར་བལྟས་ཚེ། ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་ཟླ་བ་བཞི་བསྟུད་མར་སྒོར་དུང་ཕྱུར་ཁྲི་4ལས་བརྒལ་ཡོད་པ་རེད།

    སྒུལ་ཤུགས་གསར་པ་འཕེལ་ཞིང་། མི་ཐབས་རིག་ནུས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་འབྲེལ་ཡོད་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་སྒུལ་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད། ལོ་སྟོད་དུ་གློག་རྡུལ་འཕྲུལ་ཆས་ཀྱི་ལྷུ་ལག་དང་གློག་ཀླད་ཀྱི་ལྷུ་ལག་སོགས་རྩིས་ཤུགས་མཁྲེགས་ཆས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་5.13ཟིན་ནས་56.6%འཕར་ཡོད། མི་ཐབས་རིག་ནུས་མིག་ཤེལ་དང་མི་ཐབས་རིག་ནུས་ཡིག་སྒྱུར་ཡོ་བྱད་སོགས་རིག་ནུས་ཐོན་རྫས་མགྱོགས་མྱུར་རིམ་འཇུག་བྱས་ནས་གསར་གཏོད་ཐོན་རྫས་སྣ་ཚོགས་རྒྱུན་ཆད་མེད་པར་ཐོན་ཡོད་པ་རེད།

    ཕྱི་ནང་མཉམ་འདྲེས་ཐུབ་ཅིང་། རང་རྒྱལ་གྱིས་རང་འགུལ་ངང་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་63ལ་སྒོ་ཁྲལ་མེད་པའི་སྲིད་ཇུས་ལག་བསྟར་བྱས་ཡོད། ལོ་སྟོད་དུ། རང་རྒྱལ་གྱིས་རང་མོས་ཚོང་དོན་གྲོས་མཐུན་གྱི་རོགས་ཟླ་31ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་28.1%འཕར་ནས་ཕྱི་ཕྱོགས་ཚོང་དོན་གྱི་བསྡུར་གྲངས་བཟུང་ཚད་46.5%བར་འཕར་ཡོད། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱིས་ལོ་སྟོད་དུ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་4.34ཟིན་ནས་28.2%འཕར་ཡོད་པ་རེད།

    ཝང་ཅུན་གྱིས། “ལོ་སྟོད་དུ་ཕྱི་ཕྱོགས་ཚོང་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད། འོན་ཀྱང་མིག་སྔའི་ཕྱི་ཕྱོགས་ཁོར་ཡུག་སྔར་བཞིན་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བས་ལོ་སྨད་དུ་ཕྱི་ཕྱོགས་ཚོང་དོན་ལ་གནོན་ཤུགས་ངེས་ཅན་ཞིག་འཕྲད་རྒྱུ་རེད། རང་རྒྱལ་གྱི་གསར་གཏོད་ཀྱི་སྒུལ་ཤུགས་ཆེ་བ་དང་། བྱེད་པོའི་གསོན་ཤུགས་ཆེ་བ། སྒོ་དབྱེའི་ཆུ་ཚད་མཐོ་བ་བཅས་ཡོད་པས་ཕྱི་ཕྱོགས་ཚོང་དོན་གྱི་གཞི་གདན་སྔར་བཞིན་བརྟན་པོ་ཡོད”ཅེས་བཤད།

    ནང་འདྲེན་གྱིས་ཕྱི་ཕྱོགས་ཚོང་དོན་འཕར་བར་ལེགས་སྐྱེས་འབུལ་ཚད་དེ་ཕྱིར་གཏོང་ལས་ཆེ་བ་བྱུང་ནས་ཚོང་དོན་དོ་སྙོམས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ།

    ད་ལོ་ཚུན། རང་རྒྱལ་གྱི་ཕྱིར་གཏོང་འཕར་ཚད་10%ལས་བརྒལ་ཞིང་། དུས་ཚིགས་ལྟར་བལྟས་ཚེ། དུས་ཚིགས་11བསྟུད་མར་འཕར་ཚད་རྒྱུན་འཁྱོངས་ཐུབ་ཡོད། ཝང་ཅུན་གྱིས་ཕྱིར་གཏོང་བྱེད་ཚད་འཕར་བའི་རྒྱུ་རྐྱེན་ནི“ཀྲུང་གོས་བཟོས་པ”དེ་གོ་ལ་ཧྲིལ་པོའི་དགོས་མཁོ་སྣ་ཚོགས་དང་གནད་སྨིན་འཚམ་སྒྲིག་ཐུབ་པས་རེད་ཅེས་ངོ་སྤྲོད་བྱས།

    མི་ཐབས་རིག་ནུས་ཀྱི་འབྲེལ་ཡོད་ཐོན་རྫས་ལ་མཚོན་ན། ལོ་སྟོད་དུ་རང་རྒྱལ་གྱི་གློག་རྡུལ་འཕྲུལ་ཆས་ཀྱི་ལྷུ་ལག་དང་གློག་ཀླད་ཀྱི་ལྷུ་ལག་སོགས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་གྲངས་གནས་གཉིས་འཕར་ནས་ཕྱིར་གཏོང་བྱེད་ཚད་བརྒྱ་ཆའི་གྲངས་6.9འཕར་རྒྱུར་སྐུལ་ཁྲིད་ཐུབ་པ་དང་མི་ཐབས་རིག་ནུས་ལག་རྩལ་དང་མཉམ་འདྲེས་གཏིང་ཟབ་བྱས་པའི་རིག་ནུས་འདྲ་བཟོའི་འཕྲུལ་མི་ཕྱིར་གཏོང་བྱེད་ཚད་ཁྲི་ལས་བརྒལ་ཏེ་རྒྱལ་ཁབ་དང་ས་ཁུལ་90ལྷག་ཙམ་ལ་ཁྱབ་ཡོད་པ་རེད།

    གཞན་ཡང་། གོ་ལ་ཧྲིལ་པོའི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་བས་ནུས་རྒྱུ་གསར་པ་འཛུགས་སྐྲུན་དང་འཛད་སྤྱོད་ཀྱི་དགོས་མཁོ་འཕར་ཚད་དེ་རང་རྒྱལ་གྱི་ལྗང་མདོག་ཐོན་རྫས་དང་མཐུན་ཚད་མཐོ་པོ་ཡོད་པ་རེད། ལོ་སྟོད་དུ་ལིས་གློག་རྫས་དང་རླུང་ཤུགས་གློག་འདོན་འཕྲུལ་ཚན་ཕྱིར་གཏོང་བྱེད་ཚད་37.6%དང་35.6%སོ་སོར་འཕར་བ་དང་། གློག་སྒུལ་རླངས་འཁོར་དང་། ལྕགས་ལམ་གློག་ཤུགས་ཀྱི་མེ་འཁོར་ཨ་མ། གློག་སྒུལ་སྦག་སྦག རྐང་འཁོར་བཅས་68.7%དང་། 45.1% 31.5%བཅས་སོ་སོར་འཕར་ཡོད་པ་རེད།

    ལོ་སྟོད་དུ། རང་རྒྱལ་གྱིས་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་10.74ཟིན་ནས་ལོ་རྒྱུས་ཀྱི་དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི་10ཐོག་མར་བརྒལ་ཏེ་22.1%འཕར་ཞིང་། འཕར་ཚད་ཕྱིར་གཏོང་ལས་བརྒྱ་ཆའི་གྲངས་8.7གྱིས་མཐོ་བ་ཡོད། ཝང་ཅུན་གྱིས་ནང་འདྲེན་གྱིས་ཕྱི་ཕྱོགས་ཚོང་དོན་འཕར་བར་ལེགས་སྐྱེས་འབུལ་ཚད་དེ་ཕྱིར་གཏོང་ལས་ཆེ་བ་བྱུང་ནས་ཚོང་དོན་དོ་སྙོམས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད་ཅེས་བཤད།

    སྒོ་ཁྲལ་མེད་པའི་བྱེད་ཐབས་ལག་བསྟར་བྱས་ནས་ཟླ་བ་གཉིས་སོང་རིང་ཨ་ཧྥེ་རི་ཁ་ནས་ཁྱོན་བསྡོམས་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་23.5%འཕར་བ།

    ད་ལོའི་ཟླ་5པར་རང་རྒྱལ་གྱིས་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་53ལ་སྒོ་ཁྲལ་མེད་པའི་བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། ཟླ་5པ་དང་6པར་རང་རྒྱལ་གྱིས་ཨ་ཧྥེ་རི་ཁ་ནས་ཁྱོན་བསྡོམས་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1938ཟིན་པ་དེ་དུས་མཚུངས་ལས་23.5%འཕར་བ་དང་། ཨ་ཧྥེ་རི་ཁ་ནས་ཐོན་པའི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་ར་ཆེན་པོར་བཏོན་པ། ཨ་ཧྥེ་རི་ཁ་ནས་ནང་འདྲེན་བྱས་པའི་ཆུའི་ཐོན་རྫས་དང་འཁེལ་འཐག་གི་མ་བཅོས་རྒྱུ་ཆ་ཚང་མ་དུས་མཚུངས་ལས་གྲངས་གནས་གཉིས་འཕར་ཡོད་པ་རེད།

    ལོ་སྟོད་དུ། རང་རྒྱལ་གྱིས་ཨ་ཧྥེ་རི་ཁར་འཕྲུལ་གློག་ཐོན་རྫས་སྒོར་དུང་ཕྱུར་5341.1ཕྱིར་གཏོང་བྱས་པ་དེ་28.8%འཕར་ཡོད། འོད་ཤུགས་ཐོན་རྫས་དང་། གློག་སྒྱུར་གཏོང་སྒྲིག་ཆས། རྒྱུན་སྤྱོད་འཕྲུལ་ཆས་དང་སྒྲིག་ཆས། རླངས་འཁོར་གྱི་ལྷུ་ལག་སོགས་ཨ་ཧྥེ་རི་ཁར་ཕྱིར་གཏོང་བྱེད་ཚད་ཚང་མ་འཕར་ཚུལ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གསར་འགྱུར་མགྲིན་ཚབ་པ་དང་བསྡོམས་རྩིས་དབྱེ་ཞིབ་སིའི་སི་ཀྲང་ལུའི་ཏ་ལེང་གིས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་ཐོན་ལས་འཁོར་འབྲེལ་དང་རིན་ཐང་འཁོར་འབྲེལ་གྱི་མཉམ་འདྲེས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་ཕྱེད་བཟོས་ཐོན་རྫས་ཀྱི་ཚོང་དོན་བརྟན་པོའི་ངང་འཕར་བར་སྐུལ་ཁྲིད་བྱས་ཡོད། ཕྱོགས་གཉིས་པོའི་རྨང་གཞིའི་སྒྲིག་བཀོད་ཀྱི་སྦྲེལ་མཐུད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་རྒྱལ་སྒྲོལ་ཟོག་འགྲུལ་དྲ་རྒྱ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཕྱོགས་གཉིས་པོའི་ཚོང་དོན་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།