“ན་སོ་དར་ལ་མ་བབས་པའི་མིའི་དྭངས་གཙང་གི་དྲ་རྒྱ་སྲུང་སྐྱོང”གི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་ཡིན་པ།
གསར་འགོད་པར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱ་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་སྲོལ་བཟང་སྤྱོད་བཟང་གི་དྲ་རྒྱའི་བར་མཐོངས་གཏོད་ཆེད། ཉེ་ཆར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་བརྡ་ཐོ་བཀྲམ་ནས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཡུན་ཟླ་4ཡི“ན་སོ་དར་ལ་མ་བབས་པའི་མིའི་དྭངས་གཙང་གི་དྲ་རྒྱ་སྲུང་སྐྱོང”གི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་བཀོད་སྒྲིག་བྱས་པ་རེད།
ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་དེ་དུས་མཚམས་གཉིས་སུ་ཕྱེ་ནས་སྤེལ་རྒྱུ་ཡིན་པ་སྟེ། དུས་མཚམས་དང་པོ་ནི“2026ལོའི་དབྱར་གསེང་གི་ན་སོ་དར་ལ་མ་བབས་པའི་མིའི་དྭངས་གཙང་གི་དྲ་རྒྱའི་ཁོར་ཡུག་བཅོས་སྒྲིག”གི་ཆེད་དོན་བྱ་སྤྱོད་ཡིན་ཞིང་། དབྱར་གསེང་རིང་གི་འགག་རྩའི་མཚམས་ཚིགས་ལ་དམ་འཛིན་བྱས་ནས་ཆ་འཕྲིན་ནང་དོན་ཐོན་སྐྱེད་དང་བརྒྱུད་སྤེལ་གྱི་བརྒྱུད་རིམ་ཧྲིལ་པོ་དང་འཁོར་འབྲེལ་ཧྲིལ་པོར་དམིགས་པ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་དྲ་ཐོག་གི་ན་སོ་དར་ལ་མ་བབས་པའི་མི་དང་འབྲེལ་བ་ཡོད་པའི་ཟང་ཟིང་ཆེ་བའི་སྣང་ཚུལ་གྱི་གནད་དོན་བཅོས་སྒྲིག་བྱེད་པ། ལྷུ་ཚིགས་ཁག་གི་མི་མངོན་པའི་ཉེན་ཁ་དང་རྐྱེན་ངན་འགོག་སེལ་བཅས་བྱས་ཏེ་ན་སོ་དར་ལ་མ་བབས་པའི་མིར་གུང་གསེང་རིང་སྐྱོན་བྲལ་དང་བདེ་འཇགས་ཀྱི་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན། དུས་མཚམས་གཉིས་པ་ནི“ན་སོ་དར་ལ་མ་བབས་པའི་མིའི་ལུས་སེམས་བདེ་ཐང་ལ་གནོད་པའི་དྲ་རྒྱའི་ཆ་འཕྲིན་བཅོས་སྒྲིག་བྱེད་པའི”ཆེད་དོན་བྱ་སྤྱོད་ཡིན་ཞིང་། ན་སོ་དར་ལ་མ་བབས་པའི་མིའི་ལུས་སེམས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད་པའི་ཟང་ཟིང་གི་སྣང་ཚུལ་དང་མངོན་གསལ་དོད་པའི་ཉེན་ཁ་སྣ་ཚོགས་གྲལ་བཤེར་ནན་པོ་བྱེད་པ་དང་དྲ་ཚིགས་ལས་སྟེགས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་དྲ་ཐོག་ཆ་འཕྲིན་གྱི་ནང་དོན་ཚད་ལྡན་དུ་གཏོང་གི་ཡིན་ཞེས་བརྗོད།
དུས་མཚམས་དང་པོར་ཡོངས་བསྒྲགས་དང་། མཉམ་འགུལ། གཉེར་ཚོང་བཅས་ལྷུ་ཚིགས་གསུམ་ལ་གཙོ་གནད་ཐོག་དམིགས་ནས་འགུལ་རིས་བཙོག་པ་བཟོ་བ་དང་། AIལག་རྩལ་སྤྱད་དེ་ཚད་ལྡན་གྱི་འགུལ་རིས་རྐང་བཙུགས་ནས་ངན་བཟོ་བྱེད་པ། གཏུམ་སྤྱོད་འཇིགས་སྐུལ་གྱི་ནང་དོན་རྐང་བཙུགས་ནས་ཛ་དྲག་ཏུ་གཏོང་བ། ན་སོ་དར་ལ་མ་བབས་པའི་མིར་པར་རིས་བཙོག་པ་བསྐུར་ནས་མགོ་སྐོར་གཏོང་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱ་རྒྱུ་རེད། དུས་མཚམས་གཉིས་པར་ལས་སྟེགས་ཀྱི་འོས་སྦྱོར་བྱ་སྤྱོད་དང་། སློབ་སྦྱོང་སློབ་གསོའི་ལེ་ཚན། ན་སོ་དར་ལ་མ་བབས་པའི་མིའི་དཔེ་དབྱིབས་བཟོ་སྐྲུན་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།