“མི་ཐབས་རིག་ནུས་ཀྲུང་གོའི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ལ་གྱུར་ཡོད”
—— ཀྲུང་གོ་དང་ཡོ་རོབ་གྲངས་འཛིན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལུའུ་དབྱི་ཅི·ཀན་པར་ཏའེ་ལཱར་བཅར་འདྲི་ཞུས་པ།

“ཀྲུང་གོར་མི་ཐབས་རིག་ནུས་ནི་ཐ་སྙད་དང་འགྲེམས་སྟོན་ཙམ་མིན་པར་ཐོན་སྐྱེད་བརྒྱུད་རིམ་དང་འཁོར་ཁང་ནང་དངོས་སུ་སྤྱོད་བཞིན་འདུག”ཅེས་མི་རིང་བའི་གོང་ཀྲུང་གོར་ཡོང་སྐབས་ཀྲུང་གོ་དང་ཡོ་རོབ་གྲངས་འཛིན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལུའུ་དབྱི་ཅི·ཀན་པར་ཏའེ་ལཱ་ཡིས་མྱོང་ཚོར་ཟབ་མོས་དེ་ལྟར་བཤད། ཉེ་ཆར་ཁོང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ད་ཐེངས་ཀྲུང་གོར་འགྲུལ་བཞུད་བྱེད་རིང་རང་ཉིད་ལ་བག་ཆགས་ཟབ་ཤོས་ཤིག་བྱུང་བ་དེ་ནི་ཧྲེན་ཀྲེན་གྱི་རིག་ནུས་བཟོ་སྐྲུན་ཁེ་ལས་ཤིག་གི་ཐོན་སྐྱེད་འཁོར་ཁང་ནང་བཟོ་པས་བཀོལ་སྤྱོད་ཀྱི་བརྒྱུད་རིམ་ཐེངས་གསུམ་བསྟུད་མར་དཔེ་སྟོན་བྱས་རྗེས་འཕྲུལ་ཆས་ཀྱི་དཔུང་པས་རང་རྐྱ་འཕེར་བའི་ངང་གནད་ལ་འཁེལ་པོས་སྒྲིག་སྦྱོར་བྱེད་ཐུབ་པ་དང་། བར་ཐག་སྨི་ཁ་ཤས་ཀྱི་སར་མི་ཐབས་རིག་ནུས་ཀྱི་སྤུས་ཚད་ཞིབ་དཔྱད་མ་ལག་ཅིག་གིས་མགྱོགས་མྱུར་བཤར་འབེབས་བྱེད་བཞིན་ཡོད་པ་དང་དེས་ང་ཚོའི་མིག་གིས་མཐོང་དཀའ་བའི་ཐོན་རྫས་ཀྱི་སྐྱོན་ཆ་འཕྲལ་དུ་དབྱེ་འབྱེད་ཐུབ་ཀྱི་འདུག་ཅེས་བརྗོད།
“རྣམ་པ་དེ་དག་ནི་ཀྲུང་གོའི་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད”ཅེས་ཀན་པར་ཏའེ་ལཱས་བརྗོད་པ་དང་། ཀྲུང་གོའི་བཟོ་གྲྭའི་ནང་ནས་མཐོང་བའི་སྣང་ཚུལ་མཐའ་དག་གིས་ངས་མི་ཐབས་རིག་ནུས་དང་བཟོ་སྐྲུན་ལས་རིགས་ཟུང་འབྲེལ་ལས་ཐོན་པའི་མི་མངོན་པའི་སྟོབས་ཤུགས་ཐད་ཀར་ཚོར་བྱུང་། དེས་ཁེ་ལས་ཀྱི་ཐོན་སྐྱེད་ལས་ཕྱོད་ཆེ་རུ་ཕྱིན་པ་དང་ཐོན་རྫས་ཀྱི་སྤུས་ཚད་ཀྱང་ལེགས་སུ་སོང་ཡོད། “མི་ཐབས་རིག་ནུས་དེ་ཉིད་ཀྲུང་གོའི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ལ་གྱུར་ཡོད”ཅེས་ཁོང་གིས་བརྗོད།
ཀན་པར་ཏའེ་ལཱ་ཡིས་གྲངས་འཛིན་དཔལ་འབྱོར་དང་ཡོ་རོབ་དང་ཀྲུང་གོའི་ཚན་རྩལ་མཉམ་ལས་ལ་དོ་ཁུར་བྱས་ནས་ཡུན་རིང་སོང་བ་དང་། ཉེ་བའི་ལོ་ཤས་རིང་མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་ལ་དེ་བས་ཀྱང་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས། ཀྲུང་གོར་བཟོ་སྐྲུན་ལས་རིགས་ཀྱི་མ་ལག་ཆ་ཚང་དང་། གཞི་ཁྱོན་ཆེ་བའི་ཁྲོམ་ར། ཕུན་སུམ་ཚོགས་པའི་བཀོལ་སྤྱོད་རྣམ་པ་བཅས་ཡོད་པ་དེས་མི་ཐབས་རིག་ནུས་ལག་རྩལ་ཚོད་ལྟ་ཁང་ནས་ཐོན་ལས་ཀྱི་ས་ཡུལ་དངོས་སུ་སྤྱོད་རྒྱུར་འདེགས་སྐྱོར་གལ་ཆེན་བྱས་ཡོད། ལྷག་པར་དུ་ཧྲེན་ཀྲེན་ལྟ་བུའི་གསར་གཏོད་གྲོང་ཁྱེར་དུ་ཚན་རྩལ་ཁེ་ལས་དང་བཟོ་སྐྲུན་ཁེ་ལས་དབར་འབྲེལ་མཐུད་དམ་ཟབ་ཡོད་པས་ལག་རྩལ་ཐད་ཀྱི་གསར་གཏོད་དོན་དངོས་ཀྱི་བཀོལ་སྤྱོད་ལྷུ་ཚིགས་སུ་གང་མགྱོགས་སྤྱོད་ཐུབ་ཅེས་བརྗོད།
“ཀྲུང་གོའི་མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་ལག་ལེན་གྱིས་འཛམ་གླིང་ལ་ལག་རྩལ་དེ་ཐོན་ལས་ནུས་པར་བསྒྱུར་བའི་ཐད་དཔེ་ལྟ་ས་གལ་ཆེན་མཁོ་འདོན་བྱས་ཡོད”ཅེས་ཀན་པར་ཏའེ་ལཱས་བརྗོད་པ་དང་། ཁོང་གིས། ཡོ་རོབ་ཀྱི་ངོས་ནས་བརྗོད་ན། ཀྲུང་གོའི་མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་ཤེས་རྟོགས་བྱེད་པར་ལག་རྩལ་གྱི་གསར་འགྱུར་དང་གཞི་ཆེའི་གྲངས་གཞི་ཁོ་ནར་ལྟ་མི་རུང་བར། ཁེ་ལས་དང་། བཟོ་གྲྭ དངོས་ཡོད་ཀྱི་བཀོལ་སྤྱོད་བྱེད་ས་བཅས་སུ་སྐྱོད་དགོས། དེ་ལྟར་བྱས་ཚེ་གཞི་ནས་མི་ཐབས་རིག་ནུས་ལས་ཀྲུང་གོའི་ཐོན་ལས་དང་སྤྱི་ཚོགས་ལ་བྱུང་བའི་འགྱུར་ལྡོག་ལ་གོ་བ་དེ་བས་གནད་ལ་འཁེལ་བ་ལེན་ཐུབ་ཅེས་བརྗོད།
ཀན་པར་ཏའེ་ལཱ་ཡིས་ཀྲུང་གོ་དང་ཡོ་རོབ་ལ་རང་རང་གི་ཁྱད་ཆོས་ཡོད་པས། དངོས་སྒྲུབ་མཉམ་ལས་ལ་བརྟེན་ནས་ལེགས་ཆ་རྦད་དེ་གསབ་རེས་བྱེད་ཆོག ཡོ་རོབ་དང་ཀྲུང་གོའི་མི་ཐབས་རིག་ནུས་མཉམ་ལས་ཀྱི་རིན་ཐང་དེ་ལག་རྩལ་ཐད་ནས་གསབ་རེས་བྱ་རྒྱུར་ཐུག་པ་མ་ཟད། མི་ཐབས་རིག་ནུས་ཀྱིས་མིའི་རིགས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཇི་ལྟར་ཞུ་ཐུབ་མིན་མཉམ་དུ་འཚོལ་ཞིབ་བྱ་རྒྱུར་ཡང་ཐུག་ཡོད། ཕྱོགས་གཉིས་པོས་མི་ཐབས་རིག་ནུས་བཅོས་སྒྲིག་ཐད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། གསར་གཏོད་ལ་སྐུལ་མ་གཏོང་བ་དང་ཆབས་ཅིག་སྒྲིག་སྲོལ་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ནས་མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་ཀྱིས་སྤྱི་ཚོགས་ལ་ཕན་བདེ་དེ་བས་ལེགས་པ་སྐྲུན་ཐུབ་པའི་ཡིད་ཆེས་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།