“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་འཛམ་གླིང་ལ་མཐུན་སྒྲིལ་དང་། མཉམ་ལས། གཉིས་ཕན་བཅས་ཀྱི་དྲང་ནུས་སྣོན་དགོས།
ཉེ་ཆར། “རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་བློ་འདྲི་ཨུ་ལྷན་གྱི་2026ལོའི་ཚོགས་འདུ་ཤིན་ཅང་ཝུའུ་ལུའུ་མུའུ་ཆི་རུ་འཚོགས་ཤིང་། བློ་འདྲི་ཨུ་ལྷན་གྱི་ཨུ་ཡོན་རྣམ་པས“འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག‘རྒྱུད་གཅིག་ལམ་གཅིག’གི་རྒྱལ་སྤྱིའི་མཉམ་ལས་ཇི་ལྟར་སྔར་བས་ནུས་ལྡན་བྱེད་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་གོ་སྐབས་གསར་པ་དམ་འཛིན་བྱས་ཏེ་འགྲན་སློང་གསར་པར་ཁ་གཏད་གཅོག་པ་དང་ཕན་ཚུན་སྦྲེལ་མཐུད་གཏིང་ཟབ་བྱེད་པ་སོགས་ཀྱི་གྲོས་གཞིར་སྤེལ་རེས་གཏིང་ཟབ་བྱས་པ་རེད། མིག་སྔའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གཏན་འཁེལ་མེད་པའི་རང་བཞིན་ཆེ་རུ་འགྲོ་བའི་རྒྱབ་ལྗོངས་འོག“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་་རྒྱལ་ཁབ་ཀྱིས་ཕན་ཚུན་སྦྲེལ་མཐུད་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བར་གཞོལ་བ་དང་། གཉིས་ཕན་གཉིས་ཁེའི་རྒྱལ་སྤྱིའི་མཉམ་ལས་བྱས་ནས་འཛམ་གླིང་ལ་མཐུན་སྒྲིལ་དང་། མཉམ་ལས། གཉིས་ཕན་བཅས་ཀྱི་དྲང་ནུས་བསྣན་ཏེ་ཡོ་ལང་ཆེ་བའི་འཛམ་གླིང་ལ་བརྟན་ལྷིང་གི་ནུས་པ་བཏོན་ཡོད།
2013ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་གནང་སྟེ་འཛམ་གླིང་ལ་ཤར་ཕྱོགས་ཀྱི་བློ་གྲོས་ཀྱིས་ཕྱུག་པའི་ཐུན་མོང་དར་རྒྱས་གོང་འཕེལ་གྱི་ཇུས་གཞི་ཞིག་མཁོ་འདོན་གནང་ཡོད། རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་དང་ཟང་ཟིང་མཉམ་གནས་ཀྱི་དུས་འདིར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་ནང་བཏོན་པའི་ཐུན་མོང་མ་ཡིན་པའི་རང་བཞིན་དང་རྒྱང་ལྟའི་རང་བཞིན་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། བློ་འདྲི་ཨུ་ལྷན་གྱི་ཨུ་ཡོན་རྣམ་པས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འཛམ་གླིང་གི་དོན་སྙིང་དང་དུས་རབས་ཀྱི་རིན་ཐང་ལ་ཚད་མཐོའི་གདེང་འཇོག་གནང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་འཛམ་གླིང་དཔལ་འབྱོར་ལ་མཉེན་གཤིས་དང་འཕར་གཞིའི་སྟོབས་ཤུགས་བསྣན་པའི་ངོས་འཛིན་བྱས་ཡོད། ལོ་13ཡི་རིང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་ཀྲུང་གོའི་གྲོས་འགོ་ནས་རྒྱལ་སྤྱིའི་ལག་ལེན་དུ་འཕེལ་རྒྱས་ཕྱིན་ཏེ་དགའ་བསུ་ཆེན་པོ་ཐོབ་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་ཤིག་ཏུ་གྱུར་ཡོད། གོ་ལ་ཧྲིལ་པོའི་རྒྱལ་ཁབ་བཞི་ཆ་གསུམ་ལྷག“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཁྱིམ་ཚང་ཆེ་མོར་ཞུགས་པ་དང་། མཉམ་ལས་རྣམ་གྲངས་4000ལྷག་ཙམ་ཟིན་པ། རྣམ་གྲངས་ལ་མ་འཇོག་བྱས་ཚད་ཨ་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་བ་བཅས་བྱུང་སྟེ། མཉམ་ལས་ཀྱི་གྲུབ་འབྲས་ཏན་ཏིག་ལ་བརྟེན་ནས་འཛམ་གླིང་ལ་བདེ་སྐྱིད་སྐྲུན་པའི“འཕེལ་རྒྱས་རྒྱུད”དང་ཕྱོགས་ཁག་ལ་ཕན་པ་སྐྲུན་པའི“བདེ་སྐྱིད་ལམ”བཏོད་ཡོད།
ཕྱོགས་ཁག་གིས་ཐུན་མོང་འབད་བརྩོན་བྱས་པ་ལས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི“ཕྱིའི་སྒྲིག་བཀོད་སྦྲེལ་མཐུད”རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། སྒྲིག་སྲོལ་ཚད་གཞིའི“ནང་གི་སྦྲེལ་མཐུད”རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས། མཉམ་སྐྲུན་རྒྱལ་ཁབ་ཁག་གི་མི་དམངས་ཀྱི“སེམས་པའི་སྦྲེལ་མཐུད”ཉིན་བཞིན་དམ་དུ་ཕྱིན་ཡོད། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་སྤུས་རྟགས་གཅིག་གྱུར་བྱས་ནས་ལོ་10སོང་རིང་ལོ་རེར་མེ་འཁོར་གཏོང་ཚད་ལྡབ་10.8འཕར་ནས་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་འདེགས་སྐྱོར་བརྟན་པོ་བྱས་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཀེ་རི་སེའི་པི་ལེ་ཨའེ་ཕུའུ་སི་གྲུ་ཁ་གཉེར་སྐྱོང་བྱས་ནས་ལོ་10སོང་རིང་། དེ་སྔའི་གྲུ་ཁ་རྙིང་པ་དེ“ས་དབུས་རྒྱ་མཚོའི་ཟུར་གཅིག”ནས“གོ་ལ་ཧྲིལ་པོའི་ལྟེ་བར”འཕེལ་རྒྱས་ཕྱིན་ཡོད། ཀྲུང་གོ་དང་ལོ་སིའི་ཆན་ཧྥུའུ་500ཡི་དྲ་སྦྲེལ་ལས་གྲྭའི་གློག་གཏོང་སྐུད་ལམ་ཕྱོགས་ཡོངས་ནས་སྦྲེལ་མཐུད་ཐུབ་ནས“གློག་ཤུགས་མྱུར་ལམ”དེས་ལོ་སི་འཕེལ་རྒྱས་འགྲོ་བར་སྒུལ་ནུས་ཆེན་པོ་བསྣན་པ་ལ་སོགས། མཚོན་རྟགས་རང་བཞིན་གྱི་གཙོ་གནད་ལས་གྲྭ་ནས“ཆུང་ལ་ལེགས་པའི”དམངས་འཚོའི་ལས་གྲྭའི་བར། ལམ་དང་། ཟམ་པ། གྲུ་ཁ། གླིང་ཁུལ། སྒྲིག་ཆས་བཅས་ཀྱི་རྣམ་གྲངས་རེ་རེས་ཀྲུང་གོའི་ལག་རྩལ་དང་། ཚད་གཞི། སྒྲིག་ཆས་བཅས་ཕྱིར་བསྐྱོད་པར་སྐུལ་ཁྲིད་ཐུབ་ནས། རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་ངེས་མཁོ་སྔར་བས་གནད་ལ་འཁེལ་བའི་སྒོ་ནས་སྐོང་བ་དང་དམངས་ཚོགས་ཀྱི་དམངས་འཚོའི་རེ་སྒུག་དང་འཚམ་པར་བྱས་ཏེ། མཉམ་ལས་ཀྱི་ཁེ་སྤོགས་དོན་འཁྱོལ་བྱས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་པར་བྱས་ཡོད།
འབྱུང་འགྱུར་ལ་ཁ་ཕྱོགས་ནས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་མཁན་ཕྱོགས་ཁག་གི་བློས་འགེལ་ཆོག་པའི་མཉམ་ལས་རོགས་ཟླ་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་མཉམ་དུ་སྐུལ་འདེད་བཏང་ནས། གཉིས་ཕན་མཉམ་ཁེ་དང་ཐུན་མོང་དར་རྒྱས་ཡོང་བའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་རྒྱ་ཆེ་རུ་གཏོང་ཐུབ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།