མཛེས་སྡུག་ལྡན་པའི་གཙང་གསུམ་ཆུ་འགོར་ལེའུ་གསར་པ་རྩོམ་པ།
—— གཙང་གསུམ་ཆུ་འགོའི་སྐྱེ་ཁམས་རྨང་གཞི་བརྟན་དུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ལྟ་ཞིབ་བྱས་པ།

2024ལོའི་ཟླ་8ཚེས་15ཉིན་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོའི་གླིང་གི་ཆུ་དམར་ལེབ་རྫོང་ཁོངས་ནས་པར་བརྒྱབ་པའི་འབྲི་ཆུ་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ལིན་ཧའེ་ཡིས་པར་བརྒྱབ།

2025ལོའི་ཟླ་1ཚེས་15ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་དོལ་ཐང་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་ནས་པར་བརྒྱབ་པའི་འོད་ཤུགས་གློག་ཁང་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཞེ་ཐུང་ཆང་གིས་པར་བརྒྱབ།

2022ལོའི་ཟླ་3ཚེས་12ཉིན་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོའི་གླིང་ནས་པར་བརྒྱབ་པའི་མཚོ་སྐྱ་རེངས་ཀྱི་ཡུལ་ལྗོངས་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལུའེ་ཞུའེ་ལི་ཡིས་པར་བརྒྱབ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་18ཉིན་གློག་འཕྲིན་འབྱོར་གསལ། གཙང་གསུམ་ཆུ་འགོ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན། ཡངས་ཤིང་རྒྱ་ཆེ་བའི་ས་ཁོངས་དེ་ནི་ཀྲུང་གོའི་ས་གཞི་ཆེ་མོར་བཞུར་རྒྱུན་མི་ཆད་པའི“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅིག་དང་རང་རྒྱལ་གྱི་ནུབ་རྒྱུད་ཀྱི་བཀྲག་མདངས་རབ་ཏུ་འཚེར་བའི་སྐྱེ་ཁམས་ཀྱི་མུ་ཏིག་ཅིག་རེད།
“གལ་ཆེའི་ནང་གི་འགངས་ཆེན་ནི‘ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག’གཙང་གསུམ་ཆུ་འགོ་དེ་ལ་སྲུང་སྐྱོང་ཡག་པོ་བྱས་ནས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་དང་ཆུ་རྩ་གསོ་འཁྱོངས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་རེད། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་འཛམ་གླིང་ལ་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མིག་དཔེ་བལྟ་ས་ཞིག་གཏོད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོས་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་ཁ་ཕྱོགས་གསལ་པོ་སྟོན་གནང་ཡོད།
རི་སྔོན་ཆུ་དྭངས་ལ་སྲུང་སྐྱོང་བྱས་ནས་མཛེས་སྡུག་ལྡན་པའི་གཙང་གསུམ་ཆུ་འགོ་འཕེལ་རྒྱས་གཏོང་དགོས་པས་དབྱར་གཞུང་གི་དུས་སུ་གསར་འགོད་པ་མཚོ་བོད་ས་མཐོར་བསྐྱོད་དེ་གཙང་གསུམ་ཆུ་འགོའི་རི་ཆུའི་མཛེས་པ་ཉམས་སུ་མྱངས་པ་དང“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”འདུ་ཤེས་ཀྱི་ཁྲིད་སྟོན་འོག་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པར་མྱོང་རོལ་བྱས་པ་ཡིན།
རི་སྔོན་ཆུ་དྭངས་ལ་སྲུང་སྐྱོང་བྱས་ནས་གཙང་གསུམ་ཆུ་འགོའི་ལྗང་མདོག་མིང་བྱང་སྔར་བས་བཀྲག་མདངས་འཚེར་བ་བྱས་པ།
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་དུ་དབྱར་དུས་ཀྱི་དུང་དཀར་མཚོ་སྔོ་ཐིང་ངེར་གནས། མཐའ་བཞི་རི་བོས་བསྐོར་བའི་གནས་དེར་གནའ་བ་དང་། དགོ་བ། རྐྱང་སོགས་རི་སྐྱེས་སྲོག་ཆགས་རྟག་ཏུ་མཐོང་རྒྱུ་ཡོད་པས་ས་མཐོའི་མཛེས་ལྗོངས་ཤིག་མི་རྣམས་ཀྱི་འདྲེན་བྱེད་ཡུལ་དུ་གསལ་ལེར་མངོན།
མཛེས་ལྗོངས་སྲུང་མཁན་ལྷ་རྒྱལ་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོའི་ཁུལ་གྱི་སྐྱེ་ཁམས་བདག་སྐྱོང་བ་ཞིག་ཡིན་ཞིང་། མཚོ་འགྲམ་དུ་སྐོར་ཞིབ་ཀྱི་ལས་ལ་གཞོལ་ནས་ལོ་10ཙམ་སོང་ཡོད། ཁྲིམས་ལས་འགལ་ནས་རི་སྐྱེས་སྲོག་ཆགས་རྔོན་པར་རྡུང་རྡེག་གཏོང་བ་དང་། རི་སྐྱེས་སྲོག་ཆགས་ལ་རོགས་སྐྱོབ་བྱེད་པ། མཚོ་འགྲམ་གྱི་གད་སྙིགས་གཙང་སེལ་བྱེད་པ་སོགས་འདི་གའི་རི་སྔོན་ཆུ་དྭངས་སྲུང་བའི་མཛད་འཕྲིན་དང་ཁོང་གི་མི་ཚེའི་ལས་དབང་དམ་དུ་འབྲེལ་ཡོད།
གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོའི་ཁུལ་དུ་ཁྱབ་ཡོད་པ་དང་། དེ་ནི་གཙང་གསུམ་ཆུ་འགོའི་སྲུང་སྐྱོང་བྱ་ཡུལ་གྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད། 2016ལོར་རང་རྒྱལ་གྱིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ངང་ལག་བསྟར་བྱེད་འགོ་ཚུགས་པ་དེ་ཡང་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་ཐེངས་དང་པོ་དེ་ཡིན་པ་དང་། 2021ལོར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བསྐྲུན་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་རྒྱལ་ཡོངས་ཀྱི་སྔོན་ལ་རྒྱལ་ཁབ་སྤྱི་གླིང་དུ“དུད་ཚང་རེ་ལ་ལས་གནས་རེའི”སྐྱེ་ཁམས་བདག་སྐྱོང་གི་སྤྱི་ཕན་ལས་གནས་བཀོད་སྒྲིག་བྱས་པས། འབྲོག་པ་ཚོ་རྩྭ་ཐང་སྤྱོད་མཁན་ནས་སྐྱེ་ཁམས་སྲུང་མཁན་དང་སྒྱུར་བཅོས་ཀྱི་ཕན་པ་ཐོབ་མཁན་དུ་གྱུར་པ་དང་། འབྲོག་པ་ཁྲི་2.08ལ་ལོ་ལྟར་ཐོབ་ཆ་སྒོར་ཁྲི་2.16ལེན་རྒྱུ་ཡོད་པ་རེད།
རི་སྔོན་ཆུ་དྭངས་ལ་སྲུང་སྐྱོང་བྱེད་པར་ཚན་རྩལ་གྱི་བྱེད་ཐབས་སྤྱད་དེ་སྤུས་འབྲས་ལེགས་གཉེར་བརྟན་པོ་བྱེད་དགོས།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་གཞུང་ལས་སྒྲུབ་ཡུལ་དུ“ཆུ་འགོའི་སྐར་ཁུང”གི་དྲ་རྒྱའི་བརྙན་ལམ་ལྟ་དཔྱད་ཚད་འཇལ་མ་ལག་གིས་དུས་ཐོག་ཏུ་མདུན་ཕྱོགས་ནས་བླངས་པའི་བརྙན་པར་སྐུར་ཡོང་གི་ཡོད་པ་རེད། མིག་སྔའི་བར“ཆུ་འགོའི་སྐར་ཁུང”དེ་ཡུལ་ཤུལ་ཀྲོའུ་ཡི་ལྟ་དཔྱད་ཚད་འཇལ་བྱ་ཡུལ་བཅུ་གྲངས་དང་སྦྲེལ་ཡོད་པས། སྲུང་སྐྱོང་ཁུལ་དུ་ཁྲིམས་འགལ་ངང་འཛུལ་ཡོང་བ་དང་སྐྱེ་ཁམས་ལ་གཏོར་སྐྱོན་གཏོང་བའི་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ། འཕྲལ་མ་ཉིད་དུ་ཁོངས་གཏོགས་ཁུལ་དང་མཉམ་འགུལ་གྱིས་ཐག་གཅོད་བྱེད་ཆོག་པས་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་དུས་ཚོད་83%ཐུང་དུ་ཕྱིན་ཡོད།
དོ་དམ་གྱི་སྒྲིག་སྲོལ་ལེགས་སུ་བཏང་ཞིང་། འཕྲེད་ཀྱི་མཐའ་ཟིན་པ་དང་གཞུང་གི་མཐིལ་ཐུག་པའི་ཞིང་ཆེན་དང་། ཀྲོའུ། རྫོང་། ཤང་། གྲོང་ཚོ་བཅས་རིམ་ལྔའི་དོ་དམ་གྱི་དངོས་ཚན་བཙུགས་ཏེ། སྐྱེ་ཁམས་མ་ལག་གི་སྔར་ཡོད་རྣམ་པ་དང་ཆ་ཚང་རང་བཞིན་ལ་སྲུང་སྐྱོང་བྱེད་པར་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་བཏིངས་ཡོད།
དོ་དམ་ཚོད་འཛིན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཞིང་།《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》དང《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད(2023ལོ་ནས་2030ལོ་བར)》དོན་འཁྱོལ་བྱས་ཏེ་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཏན་འཁེལ་ཐོ་འགོད་ཀྱི་ལས་དོན་ལེགས་སྒྲུབ་བྱས་པ་དང་ཐོན་ཁུངས་རྒྱུ་ནོར་དབང་མཁན་གྱི་འགན་འཁྲི་ཁ་གསལ་བཟོས་ཡོད།
སྐྱེ་ཁམས་བདག་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། “དུད་ཚང་རེ་ལ་ལས་གནས་རེ”ཡི་སྐྱེ་ཁམས་བདག་སྐྱོང་བྱེད་སྟངས་འཛུགས་གཏོད་བྱེད་པ་དང་། ནགས་ཚལ་སྐྱེ་ཁམས་ཀྱི་ཕན་འབྲས་ཁ་གསབ་སྤྲོད་པ་སོགས་ཀྱི་ཚོད་ལྟའི་ལས་དོན་སྤེལ་ནས་སྐྱེ་ཁམས་དང་། ཐོན་སྐྱེད། འཚོ་བ་བཅས་ཚང་མར་ཕན་པའི་ཐབས་ལམ་ནུས་ལྡན་ཞིག་འཚོལ་ཞིབ་ཧུར་ཐག་བྱས་ཡོད།
མཉམ་འཛུགས་མཉམ་བཅོས་ལ་སྐུལ་འདེད་བཏང་ཞིང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་ཚན་རིག་ཁང་གིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་ཐུན་མོང་ཐོག་བཙུགས་པ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་མཐོ་སློབ་དང་སྒྲིག་གཞི་མང་པོ་དང་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད།
2016ལོ་ནས་ད་བར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་སུ་ས་ནག་གྲམ་ཐང་དང་། བྱེ་འགྱུར་ས་ཆ། ཞན་འགྱུར་རྩྭ་ཐང་། འདམ་ར་བཅས་ཁྱོན་མུའུ་ཁྲི་850ཙམ་ཉམས་གསོ་བྱས་པ་དང་། རྩྭ་ཐང་མུའུ་ཁྲི་5730ཙམ་གྱི་གནོད་ལྡན་སྐྱེ་དངོས་སྔོན་འགོག་དང་ཚོད་འཛིན་བྱས་པས་སྔོ་ཁེབས་ཁྱབ་ཚད་ཆེ་རུ་བརྟན་པོ་ཕྱིན་ཡོད་པ་རེད།
ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་རི་སྔོན་ཆུ་དྭངས་གསེར་རི་དངུལ་རིར་འགྱུར་བ་བྱས་པ།
2024ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་མཚོ་སྔོན་གྱིས་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་ལྕི་པོ་ཁུར་ཏེ་ཐོན་ལས་འཕེལ་རྒྱས་གཏོང་བར་ངེས་པར་དུ་གནད་ཆེ་དམ་འཛིན་དང་གནད་མེད་ཟུར་འཇོག་མཐའ་འཁྱོངས་བྱས་ནས་ས་གནས་དེ་གའི་ཁྱད་ཆོས་དང་ལེགས་ཆ་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
གཙང་གསུམ་ཆུ་འགོའི་ས་ཁུལ་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་དོལ་ཐང་དུ་གོ་ལ་ཧྲིལ་པོའི་གློག་ཤུགས་ཆེ་ཤོས་ཀྱི་འོད་ཤུགས་གློག་ཁང་ཞིག་བསྐྲུན་ཡོད། འོད་ཤུགས་པང་ལེབ་གཞི་ཁྱོན་ཆེན་པོས་གྲལ་སྟར་བསྒྲིགས་ཤིང་གླིང་ཁུལ་ནས་ལོ་རེར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་200ཟིན་པ་དེ་དབྱང་གཉིས་ཐཱན་རྫས་འབུད་ཚད་ཏུན་ཁྲི་1844ཙམ་ཉུང་དུ་ཕྱིན་པ་དང་མཚུངས།
གསེར་ཆེན་རྫོང་ལ་ཆ་བཞག་ནས་བཤད་ན། མཚོ་སྔོན་གྱིས་རླུང་དང་། འོད། ཆུ་སོགས་ཀྱི་ཐོན་ཁུངས་ལེགས་ཆར་གཞི་བཙུགས་ཏེ་ནུས་རྒྱུ་གཙང་མའི་ཐོན་ལས་མཐོ་ས་ཞིག་ཧུར་ཐག་སྐྲུན་བཞིན་ཡོད། 2026ལོའི་ཟླ་4པའི་ཟླ་མཇུག་བར། ཞིང་ཆེན་དེ་ཡོངས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ཨ་མ་ནས་གློག་གཏོང་ཚད་ཆན་ཝ་ཁྲི་8500ལས་བརྒལ་བ་ལས་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་93.3%བཟུང་བ་དང་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་74%བཟུང་ཡོད་པ་རེད།
ཐཱན་མེད་གླིང་ཁུལ་དང་ཐཱན་མེད་བཟོ་གྲྭ་བསྐྲུན་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་ནས་འོད་ཤུགས་ཐོན་ལས་འཁོར་འབྲེལ་ཆ་ཚང་ཞིག་བཏོད་པ་དང་། ལྗང་གློག་གིས་འདེགས་སྐྱོར་བྱེད་པའི་རྩིས་ནུས་དྲ་རྒྱ་སྐྲུན་མགྱོགས་སུ་བཏང་ནས་ནུས་རྒྱུ་གཙང་མའི་དྲོད་ལེན་རྣམ་གྲངས་ཁྱབ་རྒྱ་ཆེ་རུ་བཏང་བ་ལ་སོགས། མཚོ་སྔོན་གྱི་ནུས་རྒྱུ་གཙང་མ་དང་། གྲངས་འཛིན་དཔལ་འབྱོར། དམངས་འཚོ་ལེགས་གཏོང་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཐབས་ལམ་གྱིས་ནུས་རྒྱུ་གསར་པའི་མ་ལག་སྐྲུན་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལག་ལེན་གྱི་ཉམས་མྱོང་རྩ་ཆེན་མཁོ་འདོན་བྱས་ཡོད།
བློ་སེམས་གཅིག་སྒྲིལ་གྱིས་བྱ་སྤྱོད་སྤེལ་ནས་གཙང་གསུམ་ཆུ་འགོ་སྔར་བས་མཛེས་སྡུག་དང་ཞི་མཐུན་ཡོང་བར་བྱས་པ།
གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་ཆུ་འགོ་གླིང་ནས་གསར་འགོད་པར་པེ་ཅིང་སློབ་ཆེན་གྱི་མཆོག་རམས་པ་ལི་ཞུའེ་དབྱང་ཐུག་ཅིང་། ཁོང་གནས་སའི་ཞིབ་འཇུག་ཚོགས་པས་གཙང་གསུམ་ཆུ་འགོའི་ཁུལ་དུ་ལོ་10ལྷག་ཙམ་ཞིབ་འཇུག་གི་ལས་དོན་སྤེལ་ཡོད་པ་རེད།
ལོ་འདི་དག་རིང་ལི་ཞུའེ་དབྱང་གིས་གཙང་གསུམ་ཆུ་འགོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཐོབ་པའི་གྲུབ་འབྲས་བཟང་པོར་བདེན་དཔང་བྱེད་ཀྱི་ཡོད། འབྱུང་འགྱུར་སྐོར་གླེང་སྐབས་ལི་ཞུའེ་དབྱང་གིས“ཞིབ་འཇུག་ལས་དོན་ཧུར་ཐག་སྤེལ་ནས་གཙང་གསུམ་ཆུ་འགོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་ཆེད་ཐབས་ཇུས་འདོན་རྒྱུ་མ་ཟད། ད་དུང་མི་སྔར་བས་མང་བས་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ཤེས་ཐུབ་པ་བྱ་རྒྱུ་ཡིན”ཞེས་བརྗོད།
ཡུལ་ཤུལ་དུ་པེ་ཅིང་ནས་ཡོང་བའི་མཚོ་སྐྱོར་སྨན་པས་སྙིང་རྩའི་ནད་པ་མང་པོར་སྨན་བཅོས་བྱས་པ་དང་། ཟི་ལིང་དུ་ཧྲང་ཧའེ་ཡིས་རོགས་སྐྱོར་བྱས་ནས་བསྐྲུན་པའི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གིས་མགོ་ལོག་གི་ས་བབ་མཐོ་བའི་ས་ཁུལ་དུ་སློབ་ཁྲིད་ཐོན་ཁུངས་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད། ཁོར་ཡུག་སྲུང་སྐྱོང་ནས་སྨན་བཅོས་དང་དེ་ནས་སློབ་གསོའི་བར་ཚང་མ་རྒྱལ་ཡོངས་ཀྱི་ཞིང་ཆེན་མང་པོས་རོགས་རམ་བྱས་པ་ལས་བྱུང་བ་ཞིག་ཡིན་པས་གཙང་གསུམ་ཆུ་འགོའི་འཕེལ་རྒྱས་ཀྱི་སྒུལ་ནུས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།
གོམ་སྟབས་རྗེས་མའི་ལས་ཀའི་འཆར་གཞིའི་སྐོར་གླེང་སྐབས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། དོ་དམ་གྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་བྱས་ནས་ལེགས་སུ་གཏོང་བ་དང་། སྤྱིའི་འཆར་འགོད་དོན་འཁྱོལ་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཉམས་གསོ་དང་བཅོས་སྐྱོང་སྤྱི་འདོམས་ལག་ལེན་བསྟར་བ། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་ལ་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་དང་ཕྱི་ཕྱོགས་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། གྲངས་རིག་གི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།