རི་སྔོན་ཁྲོད་ནས་ཏང་དར་གཡོ། གནའ་གྲོང་སྔོ་ལྗང་གོས་ཀྱིས་བཀླུབས།
—— རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ལས་ཁུངས་ཀྱི་ཏང་ཀྲི་པུའི་སྐོར་བཀོད་པ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ནས་ལྷོ་རི་བྱང་རི་སྔོ་འགྱུར་དང་། རྩྭ་ཐང་སྲུང་སྐྱོང་སླར་གསོ། འདམ་རའི་སྐྱེ་ཁམས་སླར་གསོ་སོགས་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་དངོས་སྒྲུབ་དང་བརྟན་སྲུང་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱས་ཡོད།
མི་རིང་བའི་གོང་། ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་དབྱིན་ཕེ་ཧྥུང་གིས་ཅུས་ལས་ཁུངས་ཀྱི་ཏང་ཀྲི་པུའི་ཚབ་ཞུས་ཏེ་པེ་ཅིང་ནས་རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་གཟི་བརྗིད་མཚན་སྙན་གྱི་སྒོ་བན་དང་ལག་ཁྱེར་བླངས་པ་རེད། གཟི་བརྗིད་མཚན་སྙན་དེ་ནི་ཏང་ཀྲུང་དབྱང་གིས་མཐའ་མཚམས་སྐྱེ་ཁམས་འཐབ་ཕྱོགས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་དང་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་འཛུགས་སྐྲུན་ལ་ཁས་ལེན་གང་ལེགས་གནང་བ་ཞིག་རེད།
ལོ་འདི་དག་ནང་། དབྱིན་ཕེ་ཧྥུང་གིས་རྟག་ཏུ་འགྱིག་ལྷམ་དང་ལས་གོས་གྱོན་ནས་ལྷོ་རི་བྱང་རིའི་ནགས་བཟོའི་ཡུག་ཁུལ་ཚང་མར་བསྐྱོད་པས་ས་མཐོའི་སྨུག་ཕྱིའི་འོད་ཀྱིས་ཤ་རྩི་ནག་པོར་གྱུར་ནས་ལས་ཡུལ་དངོས་སུ་བརྟག་ཞིབ་བྱེད་སྐབས་འཐབ་ས་དང་པོའི་ནགས་བཟོ་བ་རེད་སྙམ་སྲིད། སྙིང་རུས་གཏན་འཁྱོངས་བྱས་པས་ལས་ཀ་དེར་རྒྱུས་མངའ་གཏན་ནས་མེད་པ་ཞིག་ནས་ལས་ཀ་དེ་བྱང་ཆུབ་པ་ཞིག་ཏུ་གྱུར་ཡོད།
2021ལོར། ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་ཤིང་། ས་རྒྱུ་ཞན་པ་དང་། རི་ངོས་ཧ་ཅང་གཟར་བ། སྐམ་ཤས་ཆེ་བ་སོགས་ཀྱི་ཚོད་བགམ་མང་པོ་འཕྲད་པས་འཛམ་གླིང་ཡང་རྩེའི་སྐྱེ་ཁམས་འགག་སྒྲོལ་དམག་འཐབ་དངོས་སུ་རྒྱག་འགོ་ཚུགས་ཡོད།
དེ་སྔ་ཞིང་འབྲོག་མང་ཚོགས་8ཀྱིས་ཕྲག་པ་དང་ལག་པར་བརྟེན་ནས་རིང་ཚད་ལ་སྨི་50ཡོད་པའི་ཆུ་འདྲེན་སྦུ་གུ་མཐོ་ཚད་སྨི་200སའི་རི་སྐེད་དུ་དབོར་བ་དང་རྟ་དྲེལ་གྱིས་ཀྱག་ཀྱོག་གི་རི་ལམ་བརྒྱུད་སྡོང་ཕྲུག་སྒལ་པར་ཁུར་ནས་འཕྲུལ་ཆས་སྐྱོད་ས་མེད་པའི་རི་སྟེང་དུ་དབོར་ཡོད།
ས་མཐོའི་ཤིང་འཛུགས་ཀྱི་དཀའ་ཚེགས་ཆེ་བའི་སྐོར་གླེང་སྐབས་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཅང་ཧྲུའུ་རུའེ་ཡིས“ས་ཆའི་ཆགས་སྟངས་ཞན་པ་དང་། ས་རྒྱུ་ཞན་པ། སྐམ་ཤས་ཆེ་བ་བཅས་དང་དཔྱད་གཞིར་འཛིན་སའི་ཉམས་མྱོང་གང་ཡང་མེད་པའི་དབང་གིས་ས་མཐོའི་ཁུལ་དུ་ཤིང་ཧ་ཅང་འཛུགས་ཁག་པོ་ཡོད”ཅེས་མྱོང་ཚོར་ཟབ་མོས་བཤད་པ་དང་། འཐབ་ས་དང་པོའི་ལས་དོན་པ་སྤེན་པ་དབང་འདུས་ཀྱིས་ཀྱང་རྣམ་གྲངས་ལ་སྐུལ་འདེད་གཏོང་བར་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད་པས་ས་གནས་ས་ཐོག་གི་ལག་ལེན་ཁྲོད་རིམ་པ་བཞིན་འགག་སྒྲོལ་དཀའ་སེལ་བྱེད་པ་ལས་ཐབས་གཞན་གང་ཡང་མེད”ཅེས་བཤད།
དཀའ་ངལ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་ཏང་དར་འཐབ་ས་དང་པོར་གཡོ་ཐུབ་པར་བྱས་ཡོད། ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ལས་ཁུངས་ཀྱི་ཏང་ཀྲི་པུས་སྔོ་འགྱུར་འགག་སྒྲོལ་གྱི་འཐབ་ས་དང་པོར་དམག་འཐབ་མཁར་རྫོང་བསྐྲུན་པ་དང་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་མདུན་ཕྱོགས་སུ་གདོང་མཆོང་བྱས་ཡོད། ཏང་ཡོན་30ལྷག་ཙམ་ལས་གྲུབ་པའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་ཏེ་ཡུག་ཁུལ་ཁག་བགོས་ཀྱིས་འགན་འཁྲི་གཙང་ལེན་དང་རི་རྩེར་རྒྱུན་སྡོད་ལས་རེས་བྱས་ཏེ་བཏབ་ཟིན་པའི་སྡོང་ཕྲུག་ལ་བྱིས་པར་གཡོག་བྱེད་བྱེད་པ་ལྟར་གཅེས་སྐྱོང་ཞིབ་ཚགས་བྱེད་ཀྱི་ཡོད། དབྱར་གཞུང་དུ་ཉི་མ་ཚ་དྲགས་པའི་དབང་གིས་སྡོང་ཕྲུག་འཚིག་མི་ཡོང་ངམ་སྙམ་པ་དང་། དགུན་དུས་སུ་སྡོང་ཕྲུག་འཁྱགས་མི་ཡོང་ངམ་སྙམ་པ། རྒྱུན་དུ་ནད་དང་འབུའི་གནོད་འཚེ་ཕོག་མི་ཡོང་ངམ་སྙམ་པ་སོགས་སྐྱེ་འཚར་བྱུང་བའི་སྡོང་ཕྲུག་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད།
མིག་མདུན་དུ་གནས་པའི་དཀའ་གནད་མང་པོ་ཞིག་ལ་ཁ་གཏད་གཅོག་སྐབས་ཏང་ཡོན་གྱིས་སྣེ་ཁྲིད་དེ་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ་རིམ་པ་བཞིན་གསར་སྦོལ་བཅོས་སྒྲིག་དང་སྡོང་ཕྲུག་རེ་རེ་བཞིན་བདག་སྐྱོང་ཞིབ་ཚགས་བྱས་པས་སྡོང་ཕྲུག་གསོན་ཚད་85%ཡན་བརྟན་པོ་བྱུང་ཡོད།
ཉེ་བའི་ལོ་ཤས་རིང་། ལྷ་སའི་གྲོང་ཁུལ་གཙོ་བོར་སྐྱེད་ཚལ་སྔོ་འགྱུར་བར་མཐོངས་སྨི་ངོས་གྲུ་ཁྲི་61མང་དུ་བཏང་ནས་གྲོང་ཁྱེར་གྱི་སྔོ་ལྗང་རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་། བྱེ་ལྕང་དང་དཔལ་འབྱོར་ནགས་ཤིང་སོགས་ཡུག་འབྲེལ་གྱིས་སྐྱེ་འཚར་བྱུང་ནས་བྱེ་རླུང་གི་གནོད་འཚེ་འགོག་ཐུབ་པ་བྱུང་ཡོད། གནའ་བ་དང་། ཤྭ་བ་སེར་ཆེན། དགོ་བ་སོགས་རི་སྐྱེས་སྲོག་ཆགས་སླར་ཡང་ནགས་ཚལ་དུ་འཚོ་སྡོད་སྐྱེ་འཕེལ་གྱིས་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སླར་གསོ་བརྟན་པོ་བྱུང་ཡོད།
དུས་ཚོད་ཀྱིས་ཁ་མི་གྲགས། རི་ཚོགས་ཀྱིས་དཔང་པོ་བྱེད། ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་2021ལོར་ལག་ལེན་བསྟར་འགོ་ཚུགས་ཚུན་རིམ་རྩིས་བརྒྱབ་ན་ནགས་ཚལ་མུའུ་ཁྲི་110ལྷག་ཙམ་བཏབ་པ་དང་སྡོང་ཕྲུག་རྐང་དུང་ཕྱུར་1.22ལྷག་ཙམ་བཙུགས་པའི་ནང་ཁྱོན་མི་ཐེངས་ཁྲི་990ལྷག་ཙམ་ཞུགས་ཡོད་པ་རེད།
2023ལོར། ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་དེ་སྐྱེ་ཁམས་ཁོར་ཡུག་པུས་ལས་གྲྭ་གལ་ཆེན་ལག་བསྟར་བྱེད་པའི་དཔེ་མཚོན་ནང་བཅུག་པ་དང་། 2024ལོར། ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ལྗོངས་ཡོངས་ཀྱི་ས་མཐོའི་སྐྱེ་ཁམས་ཤེས་དཔལ་སྲོལ་གཏོད་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་སུ་བདམས་ཡོད།
རི་སྔོན་ཁྲོད་ནས་ཏང་དར་གཡོ། གནའ་གྲོང་སྔོ་ལྗང་གོས་ཀྱིས་བཀླུབས། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་པའི་དངོས་སྒྲུབ་ཀྱི་རྒྱུགས་ཤོག་དེ་རི་བོ་དང་རྩྭ་རྩི་ཤིང་གི་ཁྲོད་དུ་གནས་ཡོད། དམངས་ཆེད་སྐྱེ་ཁམས་སླར་གསོ་བྱེད་པའི་ཕུགས་ཀྱི་དོན་གཉེར་དེ་མྱུ་གུ་གསར་པ་ཁྲི་སྟོང་མང་པོ་སྐྱེས་པ་དང་བསྟུན་ནས་དེ་བས་མཛེས་སྡུག་ལྡན་པའི་ལྷ་ས་དང་དེ་བས་ལྗང་མདོག་གི་ས་མཐོར་རྒྱུན་ཆད་མེད་པར་སྣུར་སྲིང་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།