དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཁ་གཏད་བོད་སྐྱོར་ཐབས་ཇུས་བཟང་པོའི་དྲིན། སློབ་གསོའི་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ།

    —— ཨན་ཧུའེ་ཡི་ཁ་གཏད་བོད་སྐྱོར་ལས་ས་མཐོའི་སློབ་ཚན་གསོན་ཉམས་དོད་པོར་གྱུར་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-23

    ལོ་11ལ་སླེབས་པའི་པད་མ་ནོར་བུས་ཞ་སྨྱུག་གིས་སྒྲོག་ཙེའི་སྒང་ལ་ཡི་གེ་སྨྱུག་ཁམ་རེ་རེ་ནན་པོས་འབྲི་བཞིན་ཡོད།

    ཟླ་དྲུག་པའི་སློབ་གསེང་སྐབས། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་མཚོ་སྨད་གྲོང་རྡལ་སློབ་ཆུང་གི་ལོ་རིམ་བཞི་པའི་སློབ་ཁང་གི་སྒེའུ་ཁུང་ཕྱི་ནས་མཐོང་བའི་རི་རབ་ལྷུན་པོ་དེ་དག་ཐག་ཉེ་པོ་ཡོད་པར་སྣང་ཡང་། དངོས་སུ་དེའི་འཁྲིས་ལ་ཕྱིན་ཚེ་དུས་ཡུན་རིང་པོ་ཞིག་འགོར་གྱི་ཡོད།

    སློབ་ཁང་ནང་ཧ་ཅང་དབེན་ཞིང་ཐ་ན་ཤོག་ངོས་ཡི་གེ་འབྲི་བའི་སྒྲ་མ་གཏོགས་གོ་རྒྱུ་མེད། “ཨན་ཧུའེ་ཡི་གྲོགས་པོ་ཆུང་ཆུང་ཚོ། ཁྱེད་ཚོའི་ཕ་ཡུལ་གྱི་གནམ་ཡང་སྔོན་པོ་ཡིན་ནམ”ཞེས་ཡི་གེར་བྲིས།

    པད་མ་ནོར་བུ་ཨན་ཧུའེ་ལ་འགྲོ་མྱོང་མེད། དགེ་རྒན་གྱིས་སློབ་ཁྲིད་སྐབས་ཧྲ་དབྱི་ཆུ་བོའི་འདམ་རའི་སྤྱི་གླིང་གི་པར་བསྟན་པ་མ་ཟད། བྲོ་བ་ཞིམ་པའི་ཐའེ་ཧོའི་ཐུག་པའང་ངོ་སྤྲོད་བྱས་པས། འཛིན་གྲྭའི་ཕྲུ་གུས་ཨན་ཧུའེ་ལ་འཛིན་པའི་འཆར་སྒོ་ཡང་ཕལ་ཆེར་པར་དང་ངོ་སྤྲོད་མདོར་བསྡུས་ལས་བྱུང་བ་ཞིག་རེད། གོང་གསལ་གྱི་ཚིག་འདི་བྲིས་རྗེས། པད་མ་ནོར་བུས་བསམ་བློ་ཞིག་བཏང་ནས“གལ་སྲིད་ཁྱེད་ཚོ་བོད་དུ་ཡོང་ན་ཅི་མ་རུང་། ངས་ཁྱེད་ཚོ་གྲི་གུ་རྩྭ་ཐང་ལ་ལྟ་བར་ཁྲིད་ཆོག”ཅེས་ཁ་སྣོན་ཚུལ་དུ་བྲིས། ལོ་བཞིའི་གོང་། པད་མ་ནོར་བུ་སློབ་ཆུང་འགྲིམ་མ་ཐག་ཡིན་སྟབས་རྒྱ་ཡིག་གི་བརྗོད་པ་ཡག་པོ་དེ་ཙམ་བྲིས་ཐུབ་ཀྱི་མེད། དེ་དུས་དགུན་ཁ་ཡིན་སྟབས་སློབ་ཁང་ནང་གྲང་མོ་ཡོད་པས། ཁོ་པས་ལག་པ་ཕུ་ཐུང་ནང་ཡུད་ཙམ་བཅུག་ནས་དྲོད་ཁུག་རྗེས་གཞི་ནས་སྨྱུ་གུ་བཟུང་སྟེ་ཡི་གེ་འབྲི་གི་ཡོད། རྗེས་སུ་སློབ་ཁང་ནང་དྲོད་རླངས་ལྕགས་ལེབ་བསྒར་བས། ཁོ་པར་གོམས་གཤིས་ཤིག་འཇགས་པ་ནི། ཉིན་ལྟར་སློབ་ཁང་དུ་སླེབས་རིམ་བཞིན་སྔོན་ལ་དྲོད་རླངས་ལྕགས་ལེབ་ལ་ལག་པས་རེག་ཙམ་བྱས་ནས་དེའི་དྲོད་ཚོར་བར་བྱེད་ཀྱི་ཡོད། 2026ལོའི་ལོ་འགོར། སློབ་ཁང་གི་གློག་སྒྲོན་ཡང་གསར་པར་བརྗེས་ནས་གློག་འོད་སྙོམས་པོར་གྱུར་པས། མིག་གཏན་ནས་འཁྲུལ་གྱི་མེད།

    དྲོད་རླངས་ཁྲིད་པས་ཕྲུ་གུ་ཚོའི་གཟུགས་པོར་དྲོད་ཁུག་ཞོར་སེམས་པའང་ལྷོད་ལ་བབས་ཀྱི་ཡོད། སློབ་ཁང་འདི་ད་གཟོད་ཕྲུ་གུ་ཚོ་ནན་ཏན་ངང་སློབ་ཁྲིད་ཉན་ས་དང་བློ་བདེའི་ངང་ཡི་གེ་འབྲི་ས་ཞིག་ཏུ་གྱུར།

    འགྱུར་ལྡོག་ཆེ་ཤོས་འབྱུང་ས་ནི་སྒོ་བསྡུས་ཤང་སློབ་ཆུང་ཡིན། 2025ལོའི་ཟླ་དྲུག་པར་གྲོང་གསེབ་ཀྱི་སློབ་ཆུང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ལ་ཞིབ་བཤེར་རྩིས་ལེན་ཐུབ་ནས་ངལ་རྩོལ་སློབ་གསོའི་ལག་ལེན་རྟེན་གཞི་དང་བསྐྱར་སྐྲུན་བྱས་རྗེས་ཀྱི་ལུས་རྩལ་ཐང་སྤྱོད་འགོ་ཚུགས་ཡོད།

    མཁྲེགས་ཆས་གནས་སར་འབྱོར་བ་ནི་གོམ་པ་དང་པོ་ཡིན་ཡང་། དེ་ལས་དཀའ་ངལ་ཆེ་ཤོས་ནི་དགེ་རྒན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་ཡིན། མཚོ་སྨད་རྫོང་སློབ་ཆུང་དུ་ལས་གནས་འགར་མི་ཁ་ཐང་བའི་ཞན་ཆ་ནི་རྒྱུན་དུ་གནས་ལ། ཆུ་ཚད་མཐོ་བའི་དགེ་རྒན་དེ་བས་ཀྱང་དཀོན་པོ་ཡོད། དེ་གའི་དགེ་རྒན་ལ་སྔོན་ཐོན་གྱི་སློབ་ཁྲིད་འདུ་ཤེས་དང་བྱ་ཐབས་སློབ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཏུ་གྱུར་ཡོད།

    ཨན་ཧུའེ་ཡི་བོད་སྐྱོར་ལས་དོན་རུ་ཁག་གིས་དེའི་ཐད་ནུས་ཤུགས་ཆེན་པོ་བཏོན་ཡོད།

    2025ལོའི་ཟླ་བཞི་པར་མཚོ་སྨད་ཀྱི་རྐང་འཛིན་དགེ་རྒན་12ཨན་ཧུའེ་དགེ་འོས་སློབ་ཆེན་དུ་དུས་ཡུན་ཟླ་གཅིག་གི་ཞིབ་འཇུག་ཟབ་སྦྱོང་བྱེད་པར་བཏང་ཡོད། སྔོན་ལ་དགེ་འོས་སློབ་ཆེན་དུ་གཅིག་སྡུད་སློབ་ཚན་ཉན་པ་དང་། དེ་ནས་ས་གནས་ཀྱི་ཞོར་གཏོགས་སློབ་ཆུང་དང་། ཚུའེ་ཝུན་སློབ་འབྲིང་། ཞོར་གཏོགས་བུ་བཅོལ་ཁང་བཅས་སུ་སློབ་ཚན་ཉན་པར་བསྐྱོད་ཡོད། དགེ་རྒན་བཀྲ་ཤིས་ནི་ཁོང་ཚོའི་གྲས་ཤིག་ཡིན། ཨན་ཧུའེ་ནས་ཕྱིར་ལོག་རྗེས། ཁོང་གིས་རང་ཉིད་ཀྱི་སྐད་ཡིག་སློབ་ཚན་འཁྲིད་སྟངས་ལེགས་སུ་བཏང་ཞིང་། སློབ་ཚན་རེ་ཁྲིད་ཚར་བའི་རྗེས། ཁོང་གིས་སློབ་མ་ཚོར་སྐར་མ་10སྤྲད་དེ་སྦྱངས་མ་ཐག་པའི་བརྗོད་པར་བརྟེན་ནས་སྒེའུ་ཁུང་ནས་མཐོང་བའི་རིའི་རྣམ་པ་བརྗོད་དུ་འཇུག་གི་ཡོད།

    “གྲོང་ཁྱེར་གྱི་དགེ་རྒན་གྱིས་འཁྲབ་སྟོན་དང་རྟོག་འཆར་ལ་བརྟེན་ནས་ཕྲུ་གུ་ཚོར་སློབ་ཚན་འཁྲིད་ཐབས་བྱེད་ཀྱང་། ས་མཐོར་སྡོད་པའི་ཕྲུ་གུ་ཚོར་རང་ཉིད་གནས་སའི་ས་རྒྱ་ཆེན་པོར་བརྟེན་ནས་སློབ་ཚན་འཁྲིད་ཐབས་བྱེད་ཀྱི་ཡོད”ཅེས་དགེ་རྒན་བཀྲ་ཤིས་ཀྱིས་ཤོད་ཞོར་ལག་ནང་གི་སྨྱུ་གུས་སྦྱང་ཚན་ལ་བཅོས་རྒྱག་པ་དང་། ཁོང་གིས “གཞན་གྱི་བྱེད་སྟངས་རང་ཉིད་ལ་བཙན་གྱིས་སྦྱོར་རྒྱུ་མེད། དེ་ལས་ང་ཚོས་རང་ཉིད་དང་འཚམས་པའི་ཐབས་ཤེས་འཚོལ་དགོས་པ་ཡིན”ཞེས་བཤད།

    སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱང་སློབ་སྐྱོར་གྱི་བྱ་བའི་ནང་ཞུགས་ཡོད། 2025ལོའི་ཟླ་བཅུ་གཅིག་པར། ཨན་ཧུའེ་ཡི་ཁེ་ལས་ཤིག་གིས་མཚོ་སྨད་རྫོང་གི་སློབ་གསོའི་ཁོངས་གཏོགས་ལ་སྒོར་ཁྲི་10ཞལ་འདེབས་བརྒྱབ་ཡོད། ཧ་ལམ་དུས་ཚོད་དེའི་ནང་ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་མཚོ་སྨད་ལས་དོན་ཚོགས་ཆུང་གིས་རི་ལམ་སྤྱི་ལེ་40ལྷག་ཙམ་བསྐྱོད་དེ་འཚམས་འདྲིའི་དངུལ་སྒོ་བསྡུས་ཤང་སློབ་ཆུང་གི་དཀའ་ངལ་ཡོད་པའི་སློབ་མ་28ལ་སྤྲད་པ་རེད། ཁོང་ཚོས“འབད་བརྩོན་བྱས་ནས་ཤེས་བྱ་ཁོང་དུ་ཆུད་པར་བྱས་ཚེ་འབྱུང་འགྱུར་ཡུལ་མི་སྤུན་ཟླ་ཚོར་ཕན་ཐོགས་པའི་མི་ཞིག་བྱེད་ཐུབ”ཅེས་སློབ་མ་ཚོར་བཤད།

    སྐད་ཆ་འདིའི་ནང་དོན་རྒྱ་ཆེ་ཡང་ཕྲུ་གུ་ཚོས་སྨྱུག་ཁམ་རེ་རེས་ཟིན་བྲིས་རྒྱག་བཞིན་འདུག

    པད་མ་ནོར་བུས་དེ་དོན་ཧ་མ་གོ་ཡང་། དགུན་ཁར་སློབ་ཁང་དྲོ་ཞིང་གློག་འོད་ཀྱིས་མིག་ལ་མི་གནོད་པ་མ་ཟད། རྒན་ལགས་ཀྱིས་སློབ་ཁྲིད་སྐབས་ཨན་ཧུའེ་ཡི་སློབ་ཁྲིད་བྱེད་སྟངས་འགའ་བསླབས་པ་གསལ་པོར་ཤེས་ཀྱི་ཡོད། རང་ཉིད་ཀྱིས་ཨན་ཧུའེ་ཡི་གྲོགས་པོ་ཆུང་ཆུང་ལ་བྲིས་པའི་འཕྲིན་ཡིག་ནི་རྒན་ལགས་ཀྱིས་བཀོད་སྒྲིག་བྱས་པའི“ལག་གདང་སྦྲེལ་བའི”བྱེད་སྒོའི་ཆ་ཤས་ཤིག་ཡིན་པ་རེད།

    ཁོ་པས་ཡི་གེའི་མཇུག་ཏུ“རྒན་ལགས་ཀྱིས་རྟག་ཏུ་མི་རིགས་56ཚང་མ་ཁྱིམ་ཚང་གཅིག་རེད་ཅེས་གསུངས་ཀྱི་ཡོད། ཕན་ཚུན་ཐག་རིང་ཡང་ང་ཚོ་ཁྱིམ་ཚང་གཅིག་གི་མི་ཡིན་སྙམ་གྱི་འདུག”ཅེས་གཟབ་གཟབ་ངང་བྲིས་པ་མ་ཟད། “ཁྱིམ་ཚང་གཅིག”ཅེས་པའི་ཡིག་འབྲུ་དེ་གཞན་ལས་མངོན་ཆེ་བ་དང་དེའི་འཁྲིས་ལ་ད་དུང་འཛུམ་དམུལ་དམུལ་གྱི་རི་མོ་ཞིག་ཀྱང་བྲིས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།