དངོས་སྒྲུབ་ལག་བསྟར་གྱིས་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བར་བྱེད་པ།
—— རང་ལྗོངས་ཀྱི་རྒྱ་ཆེའི་གཞོན་ནུ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ།
“དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། ཕུགས་འདུན་ཆེན་པོ་གཏོད་པ། དུས་རབས་ཀྱི་ལས་འགན་ལྕི་པོ་འཁུར་ཕོད་པ་བཅས་བྱས་ནས། མི་སྒེར་གྱི་དོན་གཉེར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ནང་མཉམ་འདྲེས་བྱས་ཏེ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་ལང་ཚོ་ཆུད་ཟོས་སུ་མི་གཏོང་བར་རྒྱང་ལམ་གསར་པར་ལོ་རྒྱུས་ཀྱི་རྒྱུག་མཐུད་འགྲན་བསྡུར་ཡག་པོ་རྒྱུག་སྟེ། ལང་ཚོར་བརྟེན་ནས་ལམ་འདིང་བ་དང་ཕུགས་བསམ་གྱི་འོད་ཟེར་ཆེམ་ཆེམ་དུ་འཕྲོ་བར་བྱེད་དགོས” ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་རྒྱ་ཆེའི་གཞོན་ནུ་དང་གཞོན་ནུའི་ལས་དོན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱང་ལམ་གསར་པར་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བར་བྱེད་པའི་ལག་ལེན་གྱི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པ་དང་གཞི་རིམ་གྱི་འཐབ་ས་དང་པོར་གཞི་ཚུགས་ནས་དངོས་སྒྲུབ་འགན་འཁུར་དང་འབད་འབུངས་ཡར་བརྩོན་བྱེད་བཞིན་ཡོད།
ཆབ་མདོ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་ལིའུ་ཅན་ཝུའེ་ཡིས། ཆབ་མདོ་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་9.85%ཡན་འཕར་བ་དང་། རིམ་རྩིས་བརྒྱབ་ན། མཛེས་མཐུན་ཤང་དང་གྲོང་ཚོ་159བསྐྲུན་པས་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། ལིའུ་ཅན་ཝུའེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་རྩོམ་པར་སྟོབས་ཤུགས་ཆེན་པོ་བསྣན་ཡོད། སླད་ཕྱིན། ང་ཚོས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་དམིགས་ནས“རྟེན་གཞི་སྟོབས་ཆེར་གཏོང་བ་དང་། གྲུབ་ཆ་ལེགས་སུ་གཏོང་བ། རྟེན་གཞི་སྟོབས་ཆེར་དང་། གྲུབ་ཆ་ལེགས་གཏོང་། རྨང་གཞིར་སྣང་ཆེན། སྤུས་ནུས་ཆེར་གཏོང”བཅས་ཀྱི་གཙོ་རྐང་ལ་དམ་པོར་དམིགས་ཏེ་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ལ་བརྟེན་ནས“ཞིང་གསུམ”ལས་དོན་ནང་ཞུགས་ཀྱི་ཡིན་ཞེས་བརྗོད།
“སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་རེད། ཁང་དམར་རྫོང་ལ་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་ཀུན་ཕན་གྱི་རྒྱལ་ཁབ་ཀྱི་ཁས་ལེན་ཐོབ་ནས་མིག་སྔར་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་འཕེལ་རྒྱས་ཀྱི་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་དང་ལེན་བྱེད་བཞིན་ཡོད། ཁང་དམར་རྫོང་སློབ་གསོ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀུན་བཟང་ལ་ལས་འགན་ལྕི་པོ་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད། “མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། མི་གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ནི་རྩ་བའི་གནད་དོན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ཀྱིས་གཞོན་ནུར་མཐོང་ཆེན་དང་། གཞོན་ནུར་ཐུགས་ཁུར། གཞོན་ནུར་རྒྱབ་སྐྱོར་བཅས་བྱས་ཏེ། གཞོན་ནུ་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བར་ཆ་རྐྱེན་སྐྲུན་དགོས་པའི་བླང་བྱ་བཏོན་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་ས་གནས་དེ་གའི་གསར་བརྗེའི་ཐོན་ཁུངས་མུ་མཐུད་སྔོག་འདོན་དང་མཐའ་སྲུང་སྔོན་ཐོན་དཔེ་མཚོན་གྱི་སློབ་ཁྲིད་བྱེད་པ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་འགན་འཁྲི་ལྕི་པོ་འཁུར་ཐུབ་པའི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱས་ནས། ལོ་རྒྱུས་ཀྱིས་སློབ་གསོའི་ལས་དོན་པར་དཀྲིས་པའི་འགན་འཁྲི་དང་ལས་འགན་ལེགས་པར་སྒྲུབ་ཀྱི་ཡིན”ཞེས་ཀུན་བཟང་གིས་བརྗོད།
ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་བསྟི་ཡག་གྲོང་ཚོར་ཤིང་འབྲས་མཉམ་ལས་ཁང་དང་། སོ་ཕག་བཟོ་གྲྭ བྱེ་རྡོ་བཟོ་གྲྭ ཨར་ལས་དང་སྐྱེལ་འདྲེན་རུ་ཁག་བཅས་བཙུགས་པ་དང་། 2025ལོར་མཉམ་ལས་ཁང་ལ་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་སྒོར་ཁྲི་189ཟིན་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་112ལྷག་ཙམ་ཟིན་ཡོད། “ཏང་ཀྲི་པུའི་སྣེ་ཁྲིད་འོག་ཏང་ཡོན་44མཐའ་སྲུང་མཐའ་བརྟན་གྱི‘སྲོག་ཤིང’དུ་གྱུར་ཡོད”ཅེས་བསྟི་ཡག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་ནོར་བུས་བརྗོད་པ་དང་། ཁོང་གིས“མེས་རྒྱལ་མངའ་ཁོངས་ཀྱི་རྩྭ་རྩི་ཤིང་ཚུན་ཆད་ལའང་སྲུང་སྐྱོང་ཡག་པོ་བྱེད་དགོས། ང་ཚོས་མུ་མཐུད་དམག་འཐབ་མཁར་རྫོང་སྟོབས་ཆེར་གཏོང་བ་དང་། མཐའ་སྲུང་མཐའ་བརྟན་ལ་དམ་འཛིན་ཏན་ཏིག་བྱེད་པ། དམངས་ཕྱུག་ཐོན་ལས་སྟོབས་ཆེར་གཏོང་བ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས་མངའ་རིས་ཀྱི་མཐའ་མཚམས་ཤང་གྲོང་བརྟན་ལྷིང་འཕེལ་རྒྱས་ཀྱི་རྒྱུགས་ལན་གསར་པ་ཧུར་ཐག་འབུལ་གྱི་ཡིན”ཞེས་བརྗོད།
རང་ལྗོངས་ཀྱི་རྒྱ་ཆེའི་གཞོན་ནུ་ཚོས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། དངོས་སྒྲུབ་ཐེག་འཁུར། འབད་འབུངས་ཡར་བརྩོན་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་གཞི་རིམ་གྱི་ཞབས་ཞུའི་ཁྲོད་ཐོག་མའི་བསམ་འདུན་ལ་ཞུན་བརྡར་སྤྲོས་པ་དང་། མཐའ་མཚམས་སྲུང་སྐྱོང་ཁྲོད་འགན་འཁྲི་ཕྲག་ཏུ་འཁུར་བ། དངོས་སྒྲུབ་འགག་སྒྲོལ་ཁྲོད་ལང་ཚོ་སྐྱེས་སུ་འབུལ་བ། སྐྱེ་སྟོབས་ཀྱི་དཔལ་འབར་བའི་ལང་ཚོའི་སྟོབས་ཤུགས་ལ་བརྟེན་ནས་དུས་རབས་གསར་པའི་གངས་ལྗོངས་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།
འབྲེལ་ཡོད་གསར་འགྱུར།