དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • མི་རིཌ་ཁག་གི་མང་ཚོཌ་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇཌ་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།

    —— “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱིས་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བ་དམངས་འཚོའི་ཁོངས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-23

    ཟླ་བདུན་པར། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་བྲག་དཀར་གྲོང་གསར་དུ་ཉི་འོད་རབ་ཏུ་འཕྲོས་ཏེ་གང་ས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། ཡུལ་མི་བསོད་ནམས་རྒྱལ་མཚན་གྱིས་ཨ་མ་སྐྱོར་ཏེ་གྲོང་ཚོའི་འཕྲོད་བསྟེན་ཁང་ནས་དོན་གྱིན་དུ་གསར་འགོད་པར“ད་ནངས་ཞོགས་པ་ཨ་མ་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་བརྟག་དཔྱད་ལ་ཁྲིད་པ་ཡིན། གལ་ཏེ་གྲོང་ཁྱེར་སྨན་ཁང་ལ་འགྲོ་དགོས་ན་འདི་ནས་ཐད་ཀར་འབྲེལ་བ་བྱེད་ཀྱི་ཡོད་ཟེར། ད་ཆ་ཁྱིམ་གྱི་སྒོ་རྩར་ནད་བསྟེན་ཐུབ་པས་སེམས་ཁྲལ་མེད་ལ་སྟབས་བདེ་པོ་ཡང་འདུག”ཅེས་བཤད་བྱུང་། དེའི་གཞོགས་སུ་ཡོད་པའི་གྲོང་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ངག་དབང་རྣམ་རྒྱལ་གྱིས་གྲོང་ཚོར་གསར་དུ་བཙུགས་པའི་ཚོང་ཁང་དང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་གཞོན་ནུ་ཚོར་ལྟ་བཞིན“ཕྱིར་གླ་པ་རྒྱུག་མཁན་གཞོན་ནུ་མང་པོ་ཕ་ཡུལ་དུ་ལོག་འདོད་བྱེད་ཀྱི་ཡོད། ཁོ་ཚོའི་ཁྲོད་ནས་ལ་ལས་ཚོང་ཁང་ཆུང་ངུ་རེ་བཙུགས་པ་དང་ལ་ལ་རང་ས་རང་ཡུལ་དུ་ལས་ཞུགས་ཐུབ་ཡོད། ཚང་མས་རང་ཡུལ་དུ་གཞི་ཚུགས་ནས་ལས་ཀ་ཧུར་ཐག་བྱས་ཏེ། རང་ཁ་རང་གསོའི་འཚོ་བ་སྐྱེལ་བཞིན་ཡོད”ཅེས་སེམས་འགུལ་ཐེབས་བཞིན་དུ་བཤད།

    སྡོད་སའི་ཁང་པ་ངོ་དྲགས་པ་གཅིག་ཀྱང་མེད་པའི་དེ་སྔའི་གྲོང་ཚོ་ཆུང་ངུ་དེར་གྲོང་གསར་འཛུགས་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར་1.76བཏང་བས་མང་ཚོགས་རྣམས་དཀར་ཆ་དོད་པའི་སྡོད་ཁང་གསར་པར་སྡོད་རྒྱུ་བྱུང་ཡོད། བྲག་དཀར་གྲོང་གསར་གྱི་འཕོ་འགྱུར་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་ནོར་སྲིད་ཀྱིས་དམངས་འཚོར་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་དང་མང་ཚོགས་ཀྱི་བདེ་རྩ་ཆེ་རུ་བཏང་བའི་བསྡུས་རིས་གསོན་ཉམས་དོད་པོ་ཞིག་རེད།

    སྒོར་དུང་ཕྱུར་ཁྲི་ལས་བརྒལ་བ་བཏང་ནས་དམངས་ལ་དྲོ་སྐྱིད་བྱིན་པ།

    ནོར་སྲིད་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་ཅིང་། དེ་ནི་རྒྱལ་ཁབ་བཅོས་སྐྱོང་གི་རྨང་གཞི་དང་ཀ་རྟེན་གལ་ཆེན་ཞིག་རེད། དམངས་འཚོར་མ་དངུལ་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བ་བཏང་བ་ནས་གཞི་གྲངས་མེད་པའི་སྒྱུར་བཅོས་ལ་དོ་དམ་གཏིང་ཟབ་བྱས་པའི་བར། རང་ལྗོངས་ཀྱི་ནོར་སྲིད་དེ་ཉིད་ས་མཐོའི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་བཞིན་ཡོད།

    “དེ་སྔ་གཟུགས་པོ་འཁྲུ་བར་ཆེད་མངགས་གྲོང་རྡལ་དུ་འགྲོ་དགོས་ཀྱི་ཡོད། ད་ཆ་ཁྱིམ་གྱི་སྒོ་འགྲམ་དུ་ཆུ་ཚ་པོས་གཟུགས་པོ་འཁྲུ་ཆོག་པས་དངོས་གནས་སྟབས་བདེ་པོ་འདུག”ཅེས་ཟླ་6ཚེས་22ཉིན་ནག་ཆུ་གྲོང་ཁྱེར་སོག་རྫོང་རོང་པོ་གྲོང་རྡལ་དུང་རིལ་མདའ་གྲོང་ཚོའི་ཡུལ་མི་ཚེ་རིང་རྣམ་རྒྱལ་སྦག་སྦག་བཞོན་ནས་གྲོང་ཚོ་རིམ་པའི་སྤྱི་པའི་འཁྲུད་ཁང་དུ་ཡོང་སྟེ། ཆུ་ཚ་པོས་གཟུགས་པོ་སྐྱིད་པོ་ཞིག་བཀྲུས་རྗེས་མྱོང་ཚོར་ཟབ་མོས་བཤད།

    དེ་སྔོན་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ཁྱིམ་ཚང་མང་ཆེ་བར་གཟུགས་པོ་འཁྲུ་སའི་ཆ་རྐྱེན་མེད་པ་དང་། ལྷག་པར་དུ་དགུན་ཁ་གཟུགས་པོ་འཁྲུ་རྒྱུ་དེ་ནི་དེ་བས་དཀའ་ངལ་ཆེན་པོ་ཞིག་རེད། ན་ནིང་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་1.6བཏང་ནས་འཁྲུད་ཁང་3827སྒྱུར་བཀོད་རིམ་སྤོར་བྱས་པ་དང་ཁྱབ་ཚད་91%ཟིན་ཡོད།

    མིག་སྔའི་བར། ལྗོངས་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)5118ལ་གྲོང་ཚོ་རིམ་པའི་འཁྲུད་ཁང་ཡོད་པ་དང་ཟླ་རེར་ཆ་སྙོམས་མི་ཐེངས་ཁྲི་16.48ལ་ཞབས་འདེགས་ཞུ་གི་ཡོད། འཁྲུད་ཁང་ཆུང་ཆུང་ལས་མང་ཚོགས་ཀྱི་ལུས་སེམས་གཉིས་ཀ་དྲོ་སོབ་སོབ་ཆགས་ཡོད།

    རང་ལྗོངས་ཀྱི་དམངས་འཚོའི་ནོར་སྲིད་དེ་སྐད་གྲགས་ཆེ་བའི་འབོད་ཚིག་སྟོང་པ་ཞིག་མིན་པར། མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པའི“ཆུང་ལ་ལེགས་པའི”དོན་དངོས་རེ་རེའི་ཁྲོད་ནས་མངོན་འོང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་སུ་སློབ་གསོར་ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར་1615ཟིན་ནས་རྒྱལ་ཡོངས་ཀྱི་སྔོན་ལ་ལོ་བཅོ་ལྔའི་གཞུང་གྲོན་སློབ་གསོ་དོན་འཁྱོལ་བྱུང་བ་དང་། སློབ་གསོའི“འགན་ལེན་གསུམ”གྱི་ཚད་གཞི་བསྟུད་མར་ཐེངས་23མཐོ་རུ་བཏང་བས་སློབ་མ་མི་ཐེངས་ཁྲི་355ལ་ཕན་པ་ཐོབ་ཡོད། ཆེད་དོན་མ་དངུལ་སྒོར་དུང་ཕྱུར་31བཏང་ནས་ས་བབ་མཐོ་བའི་སློབ་གྲྭ་1699ལ་དྲོད་རླངས་མཁོ་འདོན་བྱས་པས་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་27ལ་ཕན་པ་ཐོབ་ཡོད།

    དམངས་འཚོའི་ནོར་སྲིད་ཀྱིས་གཞན་བརྟེན་རོགས་སྐྱོབ་བྱེད་དགོས་ལ། རང་བརྟེན་ནུས་འཕེལ་ཡོང་བ་དེ་བས་ཀྱང་བྱེད་དགོས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་ཀྱི་ཞིང་ཆུ་ནགས་གསུམ་གྱི་གཏོང་སྒོ་སྒོར་དུང་ཕྱུར་1960ཟིན་པ་དང་། རིམ་རྩིས་བརྒྱབ་ན་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་སོགས་སྒོར་དུང་ཕྱུར་218སྤྱི་འདོམས་སྦྲེལ་མཐུད་བྱས་ནས། ས་མཐོའི་མཛེས་མཐུན་གྲོང་ཚོ་1000བསྐྲུན་པར་རྒྱབ་སྐྱོར་བྱས་ཡོད། དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2020ལོའི་སྒོར་10298ནས་2025ལོའི་སྒོར་20178བར་འཕར་ནས་ལོར་ཆ་སྙོམས་14.4%འཕར་བ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2020ལོའི་སྒོར་14598ནས་2025ལོའི་སྒོར་23184བར་འཕར་ནས་ལོར་ཆ་སྙོམས་འཕར་ཚད་9.7%ཟིན་པ་དང་། ལོ་ལྔ་ནས་ལོ་བཞི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    སྒྱུར་བཅོས་ཁག་མང་པོ་ཞིག་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།

    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཁར་རྩེ་ཤང་མཐོང་སྨོན་གྲོང་ཚོར་ཡུལ་མི་ཚོས་ནོར་སྲིད་མ་དངུལ་དོ་དམ་གྱི་སྒྱུར་བཅོས་ལས་བྱུང་བའི་ཕན་པ་ལོངས་སུ་སྤྱོད་བཞིན་ཡོད་པ་རེད། 2025ལོར་རང་སྐྱོང་ལྗོངས་ཀྱིས་སྒོར་ཁྲི་2500བཏང་སྟེ་ནས་ཞིང་ལ་སོན་སྤྱོད་པའི་རིན་ཁྱད་ཁ་གསབ་སྤྲོད་པའི་ཚོད་ལྟའི་ལས་དོན་སྤེལ་བ་དང་། ཞིང་འབྲོག་པས་ཐུམ་སྒྲིལ་ཞིབ་ཚགས་བརྒྱབ་པའི་ནས་སོན་ཉོས་པར་སྤྱི་རྒྱ་རེར་ཁ་གསབ་སྒོར་2.85སྤྲད་ཡོད། མཐོང་སྨོན་གྲོང་ཚོས“བོད་ནས་ཨང་2000”གི་སོན་བཟང་སྤྱད་རྗེས་མུའུ་རེ་ནས་ཐོན་འབབ་རྒྱ་མ་30ནས་45བར་འཕར་བ་དང་མུའུ་རེ་ནས་ཐོན་འབབ་རྒྱ་མ་750ཡན་བརྟན་པོ་བྱུང་ཡོད།

    “ཁ་གསབ་སྤྲོད་སྟངས་ལས་དམངས་ལ་ཕན་པ་ཐོབ་ཡོད། ཇི་ལྟར་སྟབས་བདེ་ན་དེ་ལྟར་བྱེད་དགོས་པ་སྟེ། དངུལ་སྨར་སྤྲད་ནས་ཉོ་འདོད་ཡོད་ཚེ་ཁྲོམ་རའི་རིན་གོང་ལས་དམའ་བའི་གཟིགས་སྐྱོང་རིན་གོང་ཐོག་ནས་ནས་སོན་ཉོ་དགོས། དངུལ་སྨར་གྲོན་ཆུང་བྱེད་བསམས་ན། ཐད་ཀར་ནས་ཐོན་ཚད་ལོན་པའི་འབྲུ་རིགས་སོགས་ཀྱི་ཚད་གཞིར་གཞིགས་ནས་ཐུམ་སྒྲིལ་བརྒྱབ་ཟིན་པའི་ནས་སོན་བརྗེ་ཉོ་བྱེད་ཆོག”ཅེས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས། ད་ལོར་ཁ་གསབ་མ་དངུལ་སྒོར་ཁྲི་2500ནས་སྒོར་ཁྲི་5000བར་མཐོ་རུ་བཏང་བ་དང་ཚོད་ལྟའི་རྒྱ་ཁྱོན་མུའུ་ཁྲི་60ནས་མུའུ་ཁྲི་120བར་ཆེ་རུ་བཏང་ཡོད།

    “ནས་དེ་ཁྲོམ་རས་ཁས་ལེན་པའི་ཐོན་རྫས་སུ་བསྒྱུར་ཚེ་གཞི་ནས་ཞིང་འབྲོག་པར་འབབ་འཕར་དངོས་འབྲེལ་ཡོང་ཐུབ”ཅེས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཐང་ཡཱ་ཝུའེ་ཡིས་བརྗོད། ད་ཆ། ནས་རྡོག་གཅིག་ལས་ཐོན་རྫས་སྣ་ཁ་80ལྷག་ཙམ་ཐོན་པ་དང་2024ལོར་ནས་ཀྱི་ལོའི་ལས་སྣོན་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་12ལྷག་ཙམ་ཟིན་ཡོད།

    “ས་བོན་གྱིས་འབྲུ་རིགས་ཀྱི་ཚབ་བྱེད་པ”ནས་སོན་བཟང་ཁྱོན་ཡོངས་ལ་ཁྱབ་པའི་བར་ནོར་སྲིད་མ་དངུལ་འགག་རྩའི་ལྷུ་ཚིགས་ལ་གནད་སྨིན་བཏང་སྟེ། མ་དངུལ་གཏོང་ཐེངས་ཚང་མར་འབྲས་བུ་ལྗིད་ཏིག་ཏིག་ཡོང་བར་བྱེད་པ་ནི་རང་ལྗོངས་ཀྱི་ནོར་སྲིད་དོ་དམ་སྒྱུར་བཅོས་ཐད“དངུལ་བཏང་ཚེ་འབྲས་བུ་ཐོན་ངེས་ཡིན་པའི”གསོན་ཉམས་ལྡན་པའི་བྱ་ཐབས་ཤིག་རེད།

    གལ་སྲིད་ནོར་སྲིད་དོ་དམ་ནི་རྨང་གཞི་བརྟན་དུ་གཏོང་བའི“ནང་ངོས་ནུས་པ”ཞིག་ཡིན་ཞེས་བརྗོད་ཚེ། ནོར་སྲིད་སྒྱུར་བཅོས་ནི་སྲོལ་རྙིང་དོར་བའི་འགག་རྩ་ཡིན། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ལིའུ་ཝུའུ་ཡིས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལས་རྗེས་ཕྱོགས་སྟོན་དུ་བཟུང་བ་དང་། གཞི་གྲངས་མེད་པ་བྱ་ཐབས་སུ་བརྩི་བ། ཆ་འཕྲིན་ཅན་འདེགས་སྐྱོར་དུ་བྱེད་པ་བཅས་ཀྱི“2+1”དེང་རབས་ནོར་སྲིད་ཀྱི་ཕྱོགས་བསྡུས་དོ་དམ་མ་ལག་འཛུགས་པ་དང་། ཁྱབ་ཁོངས་11ལ་ཕྱེ་ནས་རང་སྐྱོང་ལྗོངས་མན་གྱི་ནོར་སྲིད་འགན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་སྒྱུར་བཅོས་ལེགས་སྒྲུབ་བྱེད་པ། ལྗོངས་ཐད་སྐྱོང་རྫོང་གི་ནོར་སྲིད་སྒྱུར་བཅོས་ཚོད་ལྟ་བྱེད་པ། གཞུང་ཁོངས་དངུལ་རྩའི་མ་རྩ་གཅིག་སྡུད་གཅིག་གྱུར་གྱི་དོ་དམ་སྒྱུར་བཅོས་ལེགས་སྒྲུབ་བྱེད་པ། གཞི་རིམ་གྱི་ནོར་སྲིད་དང་རྩིས་གཉེར་ནུས་པ་ཆེར་གཏོང་གི་སྒྱུར་བཅོས་ཚོད་ལྟ་བྱེད་འགོ་ཚུགས་པ། གཞི་གྲངས་མེད་པའི་སྔོན་རྩིས་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་བ་བཅས་བྱས་པས། ནོར་སྲིད་བཅོས་སྐྱོང་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    “ང་ཚོས་ཇུས་འགོད་སྔོན་ལ་བྱེད་པ་དང་མ་དངུལ་རྗེས་སུ་གཏོང་བ་དང་། ནོར་ཤུགས་གཅིག་སྡུད་བྱས་ནས་དོན་ཆེན་སྒྲུབ་པའི་སྔོན་རྩིས་བཀོད་སྒྲིག་ལམ་སྲོལ་བཙུགས་ཏེ་སྤྱི་པའི་ཞབས་ཞུ་དང་། གཙོ་གནད་འཛུགས་སྐྲུན། ཐོན་ལས་རོགས་སྐྱོར་བཅས་རིགས་གསུམ་གྱི་གཙོ་གནད་འགན་ལེན་དོན་ཚན་གྱི་གསལ་ཐོ་ཐོག་མར་བཟོས་ཡོད། 2026ལོར་མ་དངུལ་བཀོད་སྒྲིག་བྱས་པ་དེས་སྔོན་རྩིས་བསྡོམས་འབོར་གྱི་70%ཡན་བཟུང་ནས་མ་དངུལ་དག་སྤྱོད་གོ་ཆོད་པ་བྱུང་ཡོད”ཅེས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་སྔོན་རྩིས་ཁྲུའི་ཁྲུའུ་ཀྲང་ལིའུ་ཞུའེ་ཡིས་བཤད། གཞི་གྲངས་མེད་པའི་སྔོན་རྩིས་དེ་འགོ་ནས་བཟོ་སྐྱོར་བྱས་ཏེ་སྔོན་ཆད་ཀྱི་གཞི་གྲངས་ལ་བསམ་བློ་མི་གཏོང་བར་དགོས་མཁོ་དངོས་དང་ནོར་ཤུགས་ཀྱི་གནས་ཚུལ་ལ་གཞིགས་ནས་གཏོང་སྒོ་ཁག་རེ་རེ་བཞིན་ཞིབ་བཤེར་གཏན་འབེབས་བྱས་རྗེས། གལ་ཆེ་ཆུང་ལ་གཞིགས་ནས་གཏོང་སྒོ་བཀོད་སྒྲིག་བྱས་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པར”རྒྱང་ལྟ་བྱས་ཚེ། སྔོན་རྩིས་བཟོ་འགོད་ལེགས་བཅོས་དང་། སྔོན་རྩིས་ལག་བསྟར་གཅུན་འདོམས། ནོར་སྲིད་ཐོན་ཁུངས་སྤྱི་འདོམས་སོགས་ཀྱི་བྱ་ཐབས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། གཞི་གྲངས་མེད་པའི་སྔོན་རྩིས་སྒྱུར་བཅོས་མ་ལག་ལ་སྐུལ་འདེད་གཏོང་བ། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་གྱི་སྔོན་རྩིས་ཚན་པར་ཁྱབ་པ། རང་ལྗོངས་ཀྱི་ནོར་སྲིད་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ། ནོར་སྲིད་དོ་དམ་ཚན་རིག་ཅན་དང་། ཚད་གཞི་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱ་རྒྱུ་རེད།

    2026ལོར་ས་མཐོའི་ནོར་སྲིད་འཕེལ་རྒྱས་མགྱོགས་པོ་ཕྱིན་པ།

    ད་ལོའི་ཟླ་3ཚེས་18ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ནོར་སྲིད་ཐིང་དུ་བརྟག་ཞིབ་གནང་སྐབས“བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བར་ནོར་སྲིད་སྡེ་ཚན་གྱིས་དམིགས་བསལ་གྱི་འགན་འཁྲི་འཁུར་བ་དང་འགག་རྩའི་ནུས་པ་འདོན་དགོས”ཞེས་གསུངས་པ་རེད།

    ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འགོ་ཚུགས་ལོ་ཡིན་ཞིང་། ཟླ་དང་པོ་ནས་དྲུག་པའི་བར། ལྗོངས་ཡོངས་ཀྱི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་208.59ཟིན་ནས་36.9%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་1601.36ཟིན་ནས་5.5%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། དམིགས་ཚད་གཉིས་ཀ་འཕར་བ་དེ་ཐོག་ནས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཚུགས་པ་དང་གོམ་སྟབས་བརྟན་པོ་སྤོས་པ་མཚོན་གྱི་ཡོད།

    མིག་སྔར། ལོ་འགོའི་སྔོན་རྩིས་ནང་དམངས་འཚོའི་བྱ་དངོས་ཁག་34ལ་སྒོར་དུང་ཕྱུར་136གཏོང་རྩིས་ཡོད་པའི་ནང་ནས་ཁག་12ལེགས་གྲུབ་ཟིན་ཞིང་། སློབ་གསོའི“འགན་ལེན་གསུམ”གྱི་འགྲོ་གྲོན་གྱི་ཚད་གཞི་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་5940བར་མང་དུ་བཏང་བ་དང་། ཞིང་འབྲོག་ཁུལ་གྱི་སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་གསོའི་ཁ་གསབ་ཚད་གཞི་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་1000བར་མང་དུ་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་མི་རེར་ཆ་སྙོམས་སྒོར་765བར་མང་དུ་བཏང་བ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་ཚད་གཞི་སྒོར་125བར་མང་དུ་བཏང་ནས་རྒྱལ་ཡོངས་ཀྱི་ཆུ་ཚད་ལས་སྒོར་21གིས་མང་བ་ཡོད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་གྲོན་དངུལ་ཟླ་རེར་མི་རེར་ཆ་སྙོམས་སྒོར་305བར་མང་དུ་བཏང་ཡོད། ལས་ཞུགས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་38.25བཀོད་སྒྲིག་བྱས་པར་11.63%འཕར་བ་དང་། ལོ་འདིའི་མཐོ་སློབ་སློབ་ཐོན་སློབ་མ་སྤྱིར་ལས་ཞུགས་ཐུབ་ཚད་95%ཡན་རྒྱུན་འཁྱོངས་ཐུབ་པར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་124.57བཀོད་སྒྲིག་བྱས་ནས་དབུལ་ལོག་དབུལ་འགྱུར་སྔོན་འགོག་གི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་སྲོལ་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་བརྟན་དུ་བཏང་ཡོད།

    གླེང་རིན་ཡོད་པ་ཞིག་ནི“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་ཀྱི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་1226.9ལེགས་གྲུབ་བྱུང་བ་དེ་ལོ་ལྔ་ཚན་གོང་མ་ལས་21%འཕར་ཏེ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་ལོ་གསུམ་བསྟུད་མར་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་ཐོག་མར་སླེབས་པ་དང་། 2025ལོའི་གཞི་ཁྱོན་སྒོར་དུང་ཕྱུར་300ལས་ཐོག་མར་བརྒལ་ཡོད། གཏོང་སྒོའི་ཐད། རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་1.46ཟིན་པ་དེ་ལོ་ལྔ་ཚན་གོང་མ་ལས་43%འཕར་བ་དང་། 2025ལོའི་གཞི་ཁྱོན་སྒོར་དུང་ཕྱུར་3000ལས་ཐོག་མར་བརྒལ་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་རང་ལྗོངས་ལ་སྒྱུར་སྤྲོད་བྱས་པ་དང་སྲིད་གཞུང་བུན་འཛིན་གྱི་གྲངས་བཅད་སྒོར་དུང་ཕྱུར་ཁྲི་1.37ཟིན་པ་དེས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་ཀྲུང་དབྱང་གིས་རང་ལྗོངས་ལ་བཏང་བའི་ཁ་གསབ་རོགས་དངུལ་བསྡོམས་འབོར་གྱི་45%བཟུང་ཡོད།

    དམངས་འཚོར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་ནས་མང་ཚོགས་ཀྱི་དམངས་འཚོའི་སྐྱིད་སྣང་ཆེ་རུ་གཏོང་བའི་བར་དང་། མ་དངུལ་སྒོར་དུང་ཕྱུར་ཁྲི་ལྷག་ཙམ་གཏོང་བ་ནས་གཞི་གྲངས་མེད་པའི་སྔོན་རྩིས་སྒྱུར་བཅོས་བར། རང་ལྗོངས་ཀྱི་ནོར་སྲིད་ཉིད་ས་མཐོའི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་བཞིན་ཡོད། ལམ་བུ་དེའི་འགོ་འཛུགས་ས་དང་མཇུག་བསྡུ་ས་ཚང་མ་ནི་དམིགས་ཚད་གཅིག་ཡིན་པ་སྟེ། ནོར་སྲིད་ཀྱི་མ་དངུལ་ཚང་མ་བེད་སྤྱོད་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།