ཏང་ཡོན་མི་རབས་གསུམ་གྱིས་ཐོག་མའི་བསམ་འདུན་གཅིག་རྒྱུན་གཅིག་གིས་འཛིན་པ།
——བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་བྱམས་པའི་ཁྱིམ་གྱི་གསར་བརྗེའི་གཏམ་རྒྱུད།
ཡར་ཀླུང་གཙང་པོ་བར་མེད་དྲག་ཏུ་རྒྱུག་ཅིང་། གངས་ལྗོངས་ས་མཐོའི་ནམ་མཁའ་ནི་ཡངས་ཤིང་རྒྱ་ཆེ། བོད་རང་སྐྱོང་ལྗོངས་སྙེ་མོ་རྫོང་དུ་གུང་ཁྲན་ཏང་ཡོན་མི་རབས་གསུམ་གྱི་གསར་བརྗེའི་ཁྱིམ་ཚང་ཞིག་ཡོད་པ་དེ་ནི་ས་མཐོའི་ཆར་རླུང་གི་ཁྲོད་དུ་འདབ་བརྒྱ་ལྷུག་པོར་གྲོལ་བའི་གངས་ལྷ་མེ་ཏོག་ཅིག་དང་འདྲ་ཞིང་། དད་སེམས་དང་། རང་སྲོག་བློས་གཏོང་། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་གཏམ་རྒྱུད་བཅས་བོད་གསར་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་དུ་འཁོད་ཡོད།
བྱམས་པའི་ཕ་ཨོ་ལོ་ཆུང་བ་དང་མ་ཚེ་དབང་སྒྲོལ་དཀར་གཉིས་ནི་གཉའ་གནོན་ཚད་མེད་མྱངས་མྱོང་བའི་ཞིང་བྲན་རེད། 1959ལོའི་དམངས་གཙོའི་བཅོས་སྒྱུར་གྱི་ཉི་མའི་འོད་ཟེར་གྱིས་སྤྱི་ཚོགས་རྙིང་པའི་མུན་པ་ཡོངས་སུ་བསལ་བས། ཡར་ལངས་བཅིངས་འགྲོལ་ཐོབ་པའི་ཨོ་ལོ་ཆུང་བས་འཚོ་བར་རེ་བའི་འོད་སྣང་གསར་པ་རྒྱས་པ་མཐོང་། དེར་བརྟེན། 1961ལོར་ཁོང་གཟི་བརྗིད་ལྡན་པའི་ངང་ནས་ཏང་ལ་ཞུགས་པ་དང་། སྔ་རྗེས་སུ་སྤྱི་བདེའི་ཆེད་མངགས་པ་དང་མཁོ་ཚོང་ཁང་གི་ཀྲུའུ་རེན་གྱི་འགན་ཁུར་ཞིང་། མང་ཚོགས་ལ་བརྩེ་བ་ཟབ་མོ་འཆང་མཁན་གྱི་སྙིང་ཉེ་བ་ཞིག་ཡིན་ལ་ཡུལ་ཕྱོགས་ཤིག་གི་བདེ་འཇགས་སྲུང་བའི་གཞི་རིམ་གྱི་སྲུང་སྐྱོང་བ་ཞིག་ཀྱང་རེད།
1969ལོའི་ཟླ་6ཚེས་13ཉིན། ཨོ་ལོ་ཆུང་བ་དང་ཚེ་དབང་སྒྲོལ་དཀར་བཟའ་ཚོ་གཉིས་རྒྱལ་ཁབ་ཀྱི་རྒྱུ་ནོར་སྲུང་སྐྱོང་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱ་ཆེད། ལས་འགན་སྒྲུབ་པའི་ལམ་བར་དུ་སྐུ་གཤེགས་པ་དང་། ཁོང་རྣམ་གཉིས་ཀྱིས་ཚེ་སྲོག་ལ་བརྟེན་ནས་ཏང་ནང་ཞུགས་སྐབས་ཀྱི་དམ་བཅའ་བརྟན་པོ་ལག་ལེན་དུ་བསྟར། རྐྱེན་ངན་གོད་ཆག་དེའི་དབང་གིས་ལོ་ན་ཕྲ་བའི་བྱམས་པ་དྭ་ཕྲུག་ཏུ་གྱུར། ཕ་མ་གཉིས་ཀྱིས་ཚེ་སྲོག་ལ་བརྟེན་ནས་བཏོད་པའི་བསམ་པའི་རྡོ་རིང་དེ་ཐོག་མཐའ་བར་གསུམ་དུ་བྱམས་པའི་སེམས་ནང་བརྟན་པོར་འགྱིང་ཡོད། 1992ལོར་ཁྱོ་ཤུག་གཉིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དངོས་སུ་ངོས་འཛིན་བྱས།
2025ལོའི་ཟླ་3པར་བྱམས་པ་ལྷ་ས་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་ནས་རྒན་ཡོལ་ཞུས་མ་ཐག་ཡིན་པ་དང་། མ་གཞི་སྐྲ་ལོ་དུང་ལྟར་དཀར་པོར་གྱུར་ཡང་སྔར་བཞིན་སྒབ་ཟོར་ཡང་ལ་གྲུང་ཤ་དོད། ཕ་མའི་སྐོར་གླེང་སྐབས་ཁོང་གི་མིག་ཟུང་མཆི་མས་བརླན་ཞིང་། “ང་ནི་ཏང་དང་སྲིད་གཞུང་གིས་གསོ་སྐྱོང་བྱས་ནས་འཚར་ལོངས་བྱུང་བ་ཞིག་ཡིན། ཕ་མས་རང་སྲོག་བློས་བཏང་བ་དེས་ངའི་ཕྲག་ཐོག་ཏུ་འགན་འཁྲི་གང་ཞིག་ཡོད་པ་དེ་བས་གསལ་པོ་ཤེས་སོང”ཞེས་བརྗོད། སྔོན་གཤེགས་དཔའ་བོའི་རྗེས་རབས་པ་ཞིག་ཡིན་པའི་དབང་གིས་ཁོང་ཆུང་དུས་ནས་ཏང་གི་དྲོ་འཇམ་ཉི་འོད་ལྟ་བུའི་སྲིད་ཇུས་བཟང་པོའི་འོག་ཏུ་འཚར་ལོངས་བྱུང་བ་དང་གསར་བརྗེའི་ས་བོན་ཆུང་བྱིས་པའི་དུས་ནས་ཁོང་གི་སེམས་ཁོང་དུ་བཏབ་ཡོད།
1983ལོར་བྱམས་པས་དམག་ཆས་གྱོན་ཞིང་། 1989ལོར་ཁོང་ཉིད་གཟི་བརྗིད་ལྡན་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྙེ་མོ་རྫོང་གདོང་དཀར་ཤང(ད་ལྟའི་སྙེ་མོ་ཤང)གི་ཤང་ཀྲང་གཞོན་པ་ནས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ནས་ལྷ་ས་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་རིམ་པ་གཉིས་པའི་བརྟག་ཞིབ་པའི་བར་བཅས་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ལས་གནས་ལ་འགྱུར་ལྡོག་མང་པོ་བྱུང་མོད། འོན་ཀྱང་སྔོན་གཤེགས་དཔའ་བོའི་མི་རབས་རྗེས་མ་ཞིག་ཡིན་པའི་ངོས་ནས། བློ་གཅིག་སེམས་གཅིག་གིས་ཏང་གི་ཆེད་དུ་ལས་དོན་སྒྲུབ་པའི་ཐོག་མའི་བསམ་འདུན་ལ་གཡོ་འགུལ་གཏན་ནས་བྱུང་མེད། 2011ལོར་བྱམས་པར“རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་ཐོབ་ཅིང་། ཁོང་གིས་ལྗིད་ཏིག་ཏིག་གི་མཚན་སྙན་དེ་དང་མང་ཚོགས་ཀྱི་མངགས་བཅོལ་ཟབ་མོ་ནི་ང་རང་མདུན་དུ་སྐྱོད་པའི་ལམ་བར་གྱི་རྫོགས་མཐའ་མེད་པའི་སྒུལ་ཤུགས་ཤིག་ཡིན་ཞེས་བརྗོད།
ཕ་མེས་ནས་རྒྱུན་འཛིན་བྱས་པའི་གསར་བརྗེའི་སྙིང་སྟོབས་དེ་ད་ཆ་བྱམས་པའི་བུ་ཕྲུག་གིས་མུ་མཐུད་རྒྱུན་སྐྱོང་བཞིན་ཡོད་པ་ཁོང་ཚོའི་ལུས་ཐོག་ནས་མངོན་བཞིན་ཡོད།
བྱམས་པའི་བུ་བྱམས་བསྟན་ཝུའུ་ཧན་སློབ་ཆེན་ནས་ཐོན་རྗེས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཕ་ཡུལ་དུ་ལོག་ཡོང་བ་དང་། 2019ལོར་ཏང་ནང་ཞུགས་ཤིང་། ད་ཆ་སྙེ་མོ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཀྲུའུ་རེན་གྱི་འགན་འཁུར་བཞིན་ཡོད། ཁོང་གིས་པར་ཆས་ལ་བརྟེན་ནས་ས་མཐོའི་འཕོ་འགྱུར་པར་དུ་ལེན་པ་དང་། ཡི་གེའི་ལམ་ནས་ཏང་གི་གསུང་སྒྲ་སྤེལ་བཞིན་ཡོད་པ་རེད། 2024ལོར་ཁོང་གྲོང་ཁྱེར་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་ཐོན་མི་སྒེར་ལ་བདམས་ཐོན་བྱུང་ཞིང་། དེ་བཞིན་བྱམས་པའི་བུ་མོ་བྱམས་སྒྲོན་ཡང་2016ལོར་ཏང་ནང་ཞུགས་ཤིང་། ཐོག་མཐའ་བར་གསུམ་དུ་ལས་གནས་དཀྱུས་མའི་ཐོག་ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ་ལ་འབད་བཞིན་ཡོད།
བརྗིད་ཆགས་ལྡན་པའི་གངས་རིས་ལྷག་བསམ་རྣམ་དག་ལ་དཔང་པོ་བྱེད་པ་དང་། ལྷུང་ལྷུང་དུ་འབབ་པའི་གཙང་པོས་དད་སེམས་རྒྱུན་འཛིན་བྱེད་པའི་སྐོར་རྗོད་བཞིན་མཆིས། བྱམས་པའི་ཕ་མས་ཚེ་སྲོག་ལ་བརྟེན་ནས་དད་སེམས་ལ་སྲུང་སྐྱོང་བྱེད་པ་ནས་བྱམས་པས་མི་ཚེ་ཕྱེད་ཀ་སྲིད་ཁྲིམས་ཀྱི་འཐབ་ས་དང་པོར་འབད་འཐབ་བྱེད་པའི་བར་དང་། དེ་ནས་བྱམས་པའི་བུ་ཕྲུག་གིས་རང་འགན་གཙང་སྒྲུབ་བྱེད་པའི་བར་གྱི་གངས་ལྗོངས་ཀྱི་ཁྱིམ་ཚང་ཞིག་གི་ཏང་ཡོན་མི་རབས་གསུམ་གྱི་གསར་བརྗེའི་གཏམ་རྒྱུད་ནི་བོད་ཀྱི་གསར་བརྗེའི་ཁྱིམ་ཚང་མང་པོའི་མཚོན་ཚུལ་ཡིན་ལ། ཏང་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་མུན་ནག་ནས་འོད་ཟེར་ཕྱོགས་སུ་སྐྱོད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་དེ་བས་རེད།
འབྲེལ་ཡོད་གསར་འགྱུར།