དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • གཙོད་ཁྲི་གཅིག་ལྷག་ཙམ་གྱིས་འཁྱགས་ཆུ་བརྒལ་ནས་གནས་སྤོ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-22

    འདི་ནི་ཚེ་སྲོག་གི་འགྲུལ་བཞུད་ཐེངས་གཅིག་ལགས་ཏེ། ས་བབ་སྨི་4800ལྷག་ཙམ་ཟིན་པའི་བོད་བྱང་ཐང་གི་མི་མེད་ལུང་སྟོང་ཁུལ་གྱི་སེང་ལུང་གཙང་པོའི་ངོགས་སུ་གསར་འགོད་པར་གཙོད་ཁྲི་གཅིག་ལྷག་ཙམ་གཙང་པོ་བརྒལ་ནས་གནས་སྤོ་བའི་བརྒྱུད་རིམ་ཧྲིལ་པོ་མིག་མཐོང་ལག་ཟིན་བྱུང་།

    ཆུ་ཚོད་དྲུག་པ་ལྷག་ཙམ་ལ་ཞོགས་པའི་མཁའ་དབྱིངས་སྤྲིན་དཀར་ཐར་ཐོར་གྱིས་བརྒྱན་ཞིང་མི་སེམས་རབ་ཏུ་མྱོས། དེ་ཁུལ་དུ་རྒྱང་ལྟ་བྱེད་སྐབས། ས་གཞིའི་མུ་མཐའ་གསལ་ཆི་ལིར་མཐོང་། ལོ་44ལ་སླེབས་པའི་དགའ་དར་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནག་ཆུ་དོ་དམ་ཅུས་མཚོ་ལྷོ་མོ་དོ་དམ་ས་ཚིགས་ཀྱི་ལས་དོན་མི་སྣ་ཞིག་ཡིན་ཞིང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལས་ལ་གཞོལ་ནས་ལོ་10སོང་བ་དང་། ཁོང་གིས་ཕི་ཁ་རླངས་འཁོར་བཏང་ནས་གཙང་པོའི་ལྷོ་ངོས་ཀྱི་མཐོ་སར་ལས་ཀ་བྱེད་པར་བསྐྱོད།

    དགའ་དར་གྱིས་གཙང་པོའི་ལྷོ་ངོས་ཀྱི་སྤྱི་ལེ་གཉིས་གསུམ་ཙམ་གྱི་མཐོ་ས་ཞིག་ཏུ་རླངས་འཁོར་ཁ་བཀག་པ་དང་། “ནམ་ལངས་རྗེས་ཆུའི་ཕར་ངོགས་ཀྱི་རི་ལྡེབས་སུ་གཙོད་མང་པོ་ཞིག་འདི་ནས་གཙང་པོ་བརྒལ་ཏེ་གནས་སྤོ་གི་རེད”ཅེས་བརྗོད་པ་དང་བསྟུན་ནས་རྐྱང་ཁ་ཤས་ཐག་རིང་ནས་ཚུར་རྒྱུག་ཡོང་བ་དང་། དེ་བས་ཐག་རིང་སར་གཟུགས་སྟོབས་ཆེ་བའི་འབྲོང་ཁ་ཤས་མཐོང་རྒྱུ་ཡོད་པ་དེ་དག་ལྷིང་འཇགས་ངང་ཅི་དགར་རྩྭ་ཆུར་རོལ་བཞིན་འདུག

    མདང་ནུབ་ཐག་རིང་དུ་གནས་པའི་རི་ཚོགས་ལ་གངས་ཆེན་པོ་བབས་པས། ཞོགས་པའི་ཆུ་རྒྱུན་དྲག་ཏུ་རྒྱུག་ལ་གྲང་ངར་ཆེ་ཞིང་། ཐག་རིང་དུ་ཡོད་པའི་གཙོད་ཁྱུ་ཆུ་བོའི་རྒྱུད་དུ་རྒྱུག་འོང་བཞིན་སྐད་སྒྲ་དེ་ཙམ་ཆེན་པོ་མེད་པ་དང་། རླུང་བུའི་རྒྱུ་ཕྱོགས་དང་འགྲོགས་པའི་ཆུ་བོའི་བཞུར་སྒྲ་ནི་སྙན་འཇེབས་དོད་པའི་རོལ་དབྱངས་ཤིག་དཀྲོལ་བ་ལྟར་སྣང་། པར་ཤེལ་ནང་སྤུ་མདོག་སེར་སྐྱའི་གཙོད་ཁྱུ་གཅིག་མགྱོགས་མྱུར་མདུན་ཕྱོགས་སུ་ཤོར་ཡོང་བ་དང་། གཙོད་ཕྲུག་གིས་གཙོད་ཨ་མའི་མཇུག་དེད་ཀྱིན་སུག་ལག་ཕྲ་མོ་དལ་བུར་འགུལ་ཞིང་སྐབས་འགར་མགོ་བོ་བཏེགས་ནས་ནམ་མཁའི་མཐོངས་ཀྱི་མི་མེད་གནམ་གྲུར་ལྟ་བཞིན་མཆིས།

    སྔ་དྲོའི་ཆུ་ཚོད་9པ་ལྷག་ཙམ་ལ་གཙོད་ཁྱུ་སྤང་རི་བརྒྱུད་གཙང་པོའི་ཕྱོགས་སུ་རྒྱུག གཙོད་ཨ་མས་སྔོན་ལ་ཆུ་བརྒལ་བ་དང་དེ་རྗེས་གཙོད་ཕྲུག་མཉམ་དུ་ཡོང་། གཙོད་ཕྲུག་གི་ངོས་ནས་བརྗོད་ན། གཙང་པོ་དེ་ནི་གནས་སྤོའི་ལམ་གྱི་དཀའ་ངལ་ཆེ་ཤོས་ཤིག་རེད། གཙོད་ཕྲུག་མང་ཆེ་བ་མྱུར་དུ་གཙང་པོའི་ཕ་རོལ་དུ་འབྱོར་བ་དང་ལུས་སྟེང་གི་འཁྱགས་ཆུ་སིག་སིག་གཏོང་བཞིན་འཁྱར་རེ་འཁྱོར་རེའི་ངང་གཙོད་ཨ་མའི་རྗེས་དེད་དེ་སོང་།

    བསམ་ཡུལ་ལས་འདས་པའི་གནས་ཚུལ་ཡང་སེ་ཐོན་ཞིང་། གློ་བུར་དུ་མཚེ་འཕྲིན་ཁ་པར་ནང་ནས“གཙོད་ཕྲུག་ཆུས་ཁྱེར་སོང”ཞེས་པའི་དངངས་འཚབ་ཆེན་བའི་སྐད་སྒྲ་སྒྲོག པར་ཤེལ་ནང་བཙས་མ་ཐག་པའི་གཙོད་ཕྲུག་ཅིག་གཙང་ཆུས་ཡོངས་སུ་བཀླུབས་ཏེ་སྨད་རྒྱུད་དུ་འཁྱེར་བ་མངོན། སྨད་རྒྱུད་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་བསྟན་འཛིན་དགྲ་འདུལ་གྱིས་ཐེ་ཚོམ་སྤུ་ཙམ་མེད་པར་སྨད་རྒྱུད་ཀྱི་སྲབ་གྲམ་ཞིག་གི་ཕྱོགས་སུ་རྒྱུགས། ཁོང་ཚོ་ས་ཆ་དེ་གའི་ཆུ་ཁུག་རེ་རེ་དང་འདམ་ར་རེ་རེ་ཐ་ན་རྐང་པ་འཇོག་ཐུབ་པའི་སྲབ་གྲམ་གང་ན་ཡོད་མེད་ལའང་རྒྱུས་མངའ་ཆེན་པོ་ཡོད། བསྟན་འཛིན་དགྲ་འདུལ་གྱིས་གྲང་ངར་ཆེ་བའི་འཁྱགས་ཆུའི་ནང་ལངས་ཏེ་གཙོད་ཕྲུག་གཙང་ཆུ་ནས་སྐྱོབ་པ་དང་། གཙོད་ཕྲུག་གི་ལུས་པོ་ཡོངས་རྫོགས་ཆུས་བརླན་ཏེ་འདར་སིག་སིག་བྱེད། ཁོང་གིས་འཕྲལ་དུ་གཙོད་ཕྲུག་གི་ཁ་དང་རྣ་ཟུར་གྱི་འཁྱགས་ཆུ་འཕྱིས་པ་མ་ཟད། གཙོད་ཕྲུག་ལྷགས་ཕྱོགས་མི་འཁེལ་བའི་སར་ཁྱེར་ཏེ་རང་ཉིད་ཀྱི་སྟོད་གོས་ཕུད་ནས་གཙོད་ཕྲུག་ལེགས་པར་བསྒྲིལ།

    གཙོད་ཕྲུག་ལ་དྲོད་ཏོག་ཙམ་ཁུག་རྗེས། བསྟན་འཛིན་དགྲ་འདུལ་གྱིས་གཙོད་ཕྲུག་གཙོད་ཁྱུ་དང་ཉེ་ལ་བདེ་འཇགས་ལྡན་པའི་སྤང་ཐང་དུ་བཞག་རྗེས་ག་ལེར་དེ་ནས་ཁ་གྱེས་པ་དང་། སྐབས་དེ་དུས་ཆུ་ཚོད་9དང་སྐར་མ་35རེད།

    ད་ཆ། འབྲོག་པ་མང་ཚོགས་དེ་བས་མང་བ་རི་སྐྱེས་སྲོག་ཆགས་བདག་སྲུང་རུ་ཁག་ནང་ཞུགས་ཤིང་། སྐོར་སྲུང་དང་། རོགས་སྐྱོབ། ཁ་ཏ་སློབ་སྟོན། གད་སྙིགས་གཙང་བཟོ། སྲོག་ཆགས་གནས་སྤོར་ཤུགས་རྐྱེན་ཐེབས་པའི་ལྕགས་དྲ་མེད་པར་བཟོ་བ་སོགས་བྱེད་ཀྱི་ཡོད། ཁོང་ཚོས་བརྗོད་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། གཙོད་ཁྱུའི་གཞི་ཁྱོན་ཇེ་ཆེར་ཕྱིན་ཞིང་། ལོ་ལྟར་ཟླ་7པའི་ཟླ་སྟོད་དང་ཟླ་དཀྱིལ་དུ་གཙོད་ཁྲི་མང་པོ་ཉིན་ལྟར་ཞོགས་པ་དང་དགོང་མོར་གཙང་པོ་བརྒལ་ནས་གནས་སྤོ་ཐེངས་རེ་བྱེད་ཀྱི་ཡོད་པ་དང་ཉིན་བཅུ་གྲངས་ཁ་ཤས་རིང་དེ་ལྟ་བུའི་རྣམ་པ་རྒྱུན་དུ་མཐོང་རྒྱུ་ཡོད།

    “དེ་སྔོན་ཧ་ཅང་མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས་དག་ད་ཆ་གཞུང་ལམ་གཡས་གཡོན་དང་། མཚོ་ངོགས། རི་ལྡེབས་བཅས་སུ་ཡང་སེ་མཐོང་རྒྱུ་ཡོད”ཅེས་ལས་དོན་མི་སྣ་ངག་དབང་ལྷུན་གྲུབ་ཀྱིས་བརྗོད། མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་དེ་ཡང་ཟུར་གཡོལ་དང་། ལྟ་སྐྱོང་། རོགས་སྐྱོབ་བཅས་མང་པོའི་ཁྲོད་དེ་བས་ཟབ་ཏུ་དང་བརྟན་དུ་ཕྱིན་ཡོད།

    ཆུ་ཚོད་11ལྷག་ཙམ་ལ། ཉི་འོད་རྩྭ་ཐང་ཡོངས་ལ་འཕྲོས་ཤིང་། བང་རྩལ་མྱུར་བའི་གཙོད་ཁྱུ་གཙང་པོ་བརྒལ་ནས་རྩྭ་ཐང་གི་དབུས་སུ་རྒྱུགས་པ་དང་། རྔམ་བརྗིད་ཆེ་བའི་གནས་སྤོ་ཐེངས་ཤིག་ཡོངས་སུ་མཇུག་འགྲིལ་ཏེ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དེ་མུར་ཁུ་སིམ་མེར་གནས།

    འདི་ནི་ལོ་ལྟར་གཙོད་ཁྱུ་གནས་སྤོའི་ནམ་དུས་སྐབས་ཀྱི་བྱང་ཐང་མི་མེད་ལུང་སྟོང་ཁུལ་གྱི་རྒྱུན་གཏན་གྱི་ཞོགས་པ་ཞིག་རེད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།