དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་མ་ལག་བསྐྲུན་པར་ཁ་ཕྱོགས་གསལ་པོ་སྟོན་པ།
——ཀྲུའུ་ཞི་ཞི་ཅིན་ཕིང་2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་མཐོའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཕེབས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་བར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་མཐོའི་ཚོགས་འདུ་འཚོགས་རིང་། ཡུས་ཧྲུའུ་ཚན་རྩལ་གྱི་འཕྲུལ་མིས་མགོ་རྟིང་སློག་པའི་རྩལ་ངོམ་བཞིན་པ།
ཟླ་7ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྲང་ཧའེ་འཛམ་གླིང་ཚོགས་འདུའི་ཚོམས་ཆེན་དུ་2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་མཐོའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཕེབས་ཏེ་བཞེད་དོན་གཙོ་བོའི་གསུང་བཤད་གནང་ནས“སྒོ་དབྱེ་གཉིས་ཕན་མཐའ་འཁྱོངས་ཀྱིས་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ”དང་། “ཉེན་ཁའི་འདུ་ཤེས་ཟབ་ཏུ་བཏང་ནས་བདེ་འཇགས་ཚོད་འཛིན་ཐུབ་པའི་འགན་ལེན་བྱེད་དགོས་པ” “སྐུལ་ལྕག་དང་བསྟུན་མཁས་མཉམ་འཛིན་གྱིས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་དགོས་པ” “ཕྱར་བ་གྲུ་འདེགས་དར་སྤེལ་བཏང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས་པ”བཅས་ཀྱི་དགོངས་འཆར་ཁག་བཞི་བཏོན་གནང་བ་མ་ཟད། ཀྲུང་གོས་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གལ་ཆེན་ཁྱབ་བསྒྲགས་ཀྱང་གནང་བ་རེད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་ཀྲུང་ཕྱིའི་མི་སྣས། ཀྲུའུ་ཞི་ཞི་ཅིན་ཕིང་གི་བཞེད་དོན་གཙོ་བོའི་གསུང་བཤད་ལས། ཀྲུང་གོས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་མི་ཐབས་རིག་ནུས་ཀྱི་ཀུན་ཕན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྷག་བསམ་ཟོལ་མེད་ཀྱི་འདུན་པ་མངོན་ནས། གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་མ་ལག་བསྐྲུན་པར་ཁ་ཕྱོགས་གསལ་པོ་སྟོན་གནང་བའི་ངོས་འཛིན་བྱས།
“རིག་ནུས་དུས་རབས་ཀྱི་འགྲན་སློང་གསར་པར་ཁ་གཏད་གཅོག་ཆེད་ལག་ལེན་ཐུབ་པའི་ཇུས་གཞི་བཏོན་པ”
མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་ཚད་བརྒལ་མྱུར་པོ་བྱུང་ནས་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ལག་རྩལ་གསར་གཏོད་ལ་སྔར་བྱུང་མྱོང་མེད་པའི་དུས་བབ་བཟང་པོ་འཕྲད་པ་སྟེ། བྱ་དངོས་ཀུན་གྱི་རིག་ནུས་མཉམ་འབྲེལ་དང་། མི་དང་འཕྲུལ་ཆས་མཉམ་ལས། ལས་རིགས་ལས་བརྒལ་བའི་མཉམ་འདྲེས། མཉམ་གཏོད་མཉམ་སྤྱོད་བཅས་ལས་རིག་ནུས་ལག་རྩལ་ལ་གོ་སྐབས་ཆེན་པོ་ལྡན་ལ། བཅོས་སྐྱོང་གི་འགྲན་སློང་ཡང་འཕྲད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གིས་མི་རྩ་བར་འཛིན་པ་དང་ཡར་ཐོན་དགེ་བརྩོན་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་མི་ཐབས་རིག་ནུས་དེ་ཉིད་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཏུ་འགྱུར་བ་བྱས་ནས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་མ་ལག་ལག་གདང་སྦྲེལ་ནས་སྐྲུན་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས།
ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁཱ་ཡེ་ཧྥུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དེ་མི་ཐབས་རིག་ནུས་དུས་རབས་སུ་དོན་སྙིང་གལ་ཆེན་ལྡན་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་2026ལོའི་འཛམ་གླིང་གི་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་མཐོའི་ཚོགས་འདུའི་ཀྲུའུ་ཞིའི་གསལ་བསྒྲགས་ལ་རྦད་དེ་མོས་མཐུན་ཡོད་ལ། མི་ཐབས་རིག་ནུས་དགེ་བརྩོན་ཀུན་ཕན་འཕེལ་རྒྱས་ཀྱི་ཐུན་མོང་གི་བསམ་འདུན་ལ་རྦད་དེ་མོས་མཐུན་ཡོད། འདུ་ཤེས་དེ་དག་གིས་ང་ཚོས་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད་པར་ཁྲིད་སྟོན་བྱས་ཏེ་ཚན་རྩལ་ཡར་ཐོན་གྱིས་རྒྱལ་ཁབ་ཁག་ལ་ཕན་པ་ཐོབ་རྒྱུ་རེད་ཅེས་བརྗོད།
“གསར་གཏོད་དང་བཅོས་སྐྱོང་མཐུན་སྦྱོར་འཕེལ་རྒྱས་ཀྱི་བྱེད་ཐབས་འཚོལ་ཞིབ་བྱས་པ”
ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཀྲུང་གོས་འཕེལ་རྒྱས་དང་བདེ་འཇགས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྲིད་ཇུས་ལམ་ལུགས། བཀོལ་སྤྱོད་ཚད་ལྡན། མི་ཆོས་ཚད་གཞི་བཅས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་མི་ཐབས་རིག་ནུས་བདེ་འཇགས་དང་། བློས་འགེལ་ཆོག་པ། ཚོད་འཛིན་ཐུབ་པར་འགན་ལེན་བྱས་ཡོད་ཅེས་ནན་བཤད་གནང་ཡོད།
མཉམ་འབྲེལ་རྒྱལ་ཚོགས་མི་ཐབས་རིག་ནུས་རིམ་མཐོའི་བློ་འདྲིའི་སྒྲིག་གཞིའི་མཉམ་འབྲེལ་ཀྲུའུ་ཞི་ཁཱ་མའེ་ཨ་ཏི་ཅཱ་སིས། ཉེ་བའི་ལོ་ཤས་རིང་། མི་ཐབས་རིག་ནུས་ཁྱབ་ཁོངས་ཐད་ཀྲུང་གོར་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོས་སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་དང་རྒྱལ་སྤྱི་དང་སྤེལ་རེས་ཧུར་ཐག་བྱས་ཏེ་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་འཕེལ་རྒྱས་ལ་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་པའི་ངོས་འཛིན་བྱས།
“མི་ཐབས་རིག་ནུས་ཀྱིས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ” ཨོ་ལའེ་ཡཱ་བྱང་མའི་ཙུང་ཚའེ་དང་ཀྲུང་གོའི་དབུ་བཞུགས་ལག་བསྟར་དཔོན་པོ་དབན་ཧྲང་གིས། ཚན་རྩལ་གསར་གཏོད་དེ་དེང་རབས་ཅན་འཛུགས་སྐྲུན་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་པ་མ་ཟད། ཕུན་སུམ་ཚོགས་པའི་བཀོལ་སྤྱོད་རྣམ་པ་དང་། སྒོ་དབྱེའི་གསར་གཏོད་སྐྱེ་ཁམས། གསར་གཏོད་ཤེས་ལྡན་པ་འབོར་ཆེན་བཅས་ཡོད་པའི་ཀྲུང་གོ་འདི་ཉིད་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་མདུན་གྲལ་དུ་སླེབས་བཞིན་ཡོད་ཅེས་བརྗོད།
ཁ་ན་ཏའི་ཏུའོ་ལུན་ཏུའོ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང་ཧྥེར་ཙེ་རྩིས་རིག་ཚན་རིག་ཞིབ་འཇུག་ཁང་རྒྱུན་མཐུད་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རེན་ལུའུ་དབྱི་སི·སའེ་ཁོའོ་ཡིས་མི་ཐབས་རིག་ནུས་ཁྱབ་ཁོངས་ལ་ཐོབ་པའི་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་སྲིད་གཞུང་གིས་རྨང་གཞིའི་ཞིབ་འཇུག་ལ་གཙིགས་ཆེན་དང་ཆུ་ཚད་མཐོ་བའི་ཤེས་ལྡན་པ་རྒྱུན་མཐུད་གསོ་སྐྱོང་དང་དེ་བཞིན་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་བཅས་ལས་བྱུང་བ་ཞིག་རེད། ཉམས་མྱོང་དེ་དག་གོ་ལ་ཧྲིལ་པོའི་ཚན་རྩལ་འཕེལ་རྒྱས་ཐད་དཔྱད་གཞིར་འཛིན་པའི་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱས།
“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་འདྲ་མཉམ་ངང་མི་ཐབས་རིག་ནུས་གསར་གཏོད་དང་བཅོས་སྐྱོང་ལ་ཞུགས་ཐུབ་པ་བྱས་པ”
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱོགས་ཁག་གི་ཐུན་མོང་གི་འབད་བརྩོན་འོག་འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་ཧྲང་ཧའེ་རུ་བཙུགས་ཡོད། འདི་ནི་ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་འབོད་སྒྲ་དང་ལེན་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཐུན་སྒྲིལ་གྱིས་མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། མི་ཐབས་རིག་ནུས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ལ་འགྱུར་རྒྱུ་རེད་ཅེས་གསུངས་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས། 2023ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི《གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་གི་གྲོས་འགོ》ལས་ཀྲུང་གོའི་འགོ་ཁྲིད་ཀྱི་འཇོན་ཐང་དང་འགན་འཁྲི་འཁུར་སེམས་གང་ལེགས་མངོན་ཡོད་ལ། འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་ནི་གྲོས་འགོ་དེ་ཐུགས་གྲ་ལེགས་འགྲིག་བྱུང་བའི་གྲུབ་འབྲས་དེ་རེད། ད་ཐེངས་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“རིག་ནུས་རོགས་ཟླར་བརྟེན་ནས་མཉམ་དུ་འབྱུང་འགྱུར་གཏོད”ཅེས་པ་དེ་ལས། དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པར་གོ་ལ་ཧྲིལ་པོས་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་དགོས་པས། ཀྲུང་གོ་ཕྱོགས་ཀྱིས་འདུ་ཤེས་དེ་རྒྱུན་འཁྱོངས་བྱས་ནས་ད་ཐེངས་ཀྱི་ཚོགས་འདུ་གཟབ་རྒྱས་འཚོག་པར་སྐུལ་འདེད་བཏང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་བརྗོད།
“ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་མཚོན་ན། སྒོ་དབྱེ་མཉམ་སྤྱོད་ཀྱི་ལག་རྩལ་དང་། ཚན་ཞིབ་མཉམ་ལས། ཤེས་ལྡན་པ་གསོ་སྐྱོང་བཅས་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན” འཛམ་གླིང་ཚན་རིག་ཁང་གི་ཡོན་ཧྲི་དང་ཨ་ཧྥེ་རི་ཁའི་རྩིས་རིག་མནའ་འབྲེལ་ཞིབ་འཇུག་དང་གསར་གཏོད་ཨུ་ལྷན་གྱི་ཀྲུའུ་ཞི་ཨ་པུའུ་ཏུན·ཨ་ཐན་ཀ་ན་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཀྲུང་གོའི་བྱ་ཐབས་གལ་ཆེན་ཁྱབ་བསྒྲགས་གནང་བ་ལས་ཀྲུང་གོའི་བློ་རྒྱ་དང་འགན་འཁྲི་གང་ལེགས་མངོན་ཡོད། “འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་དེ་ཉིད་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་དུ་གྱུར་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་མི་ཐབས་རིག་ནུས་གསར་གཏོད་དང་བཅོས་སྐྱོང་ལ་འདྲ་མཉམ་ངང་ཞུགས་ཐུབ་པའི་རེ་བ་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།