དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་གནས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་6གིས་ཀྲུང་ཕྱིའི་གསར་འགོད་པ་དང་སྤེལ་རེས་བྱས་པ།

    མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་དང་འབད་འཐབ་ཀྱི་སྟོབས་ཤུགས་འཕེལ་བར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་པོ་ཐུང་།   |     སྤེལ་དུས།  2026-07-22

    ཟླ་7ཚེས་17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཀྲུང་ཕྱིའི་གསར་འགོད་པའི་ངོ་འཕྲད་ཚོགས་འདུ་འཚོགས་ཏེ་ས་གནས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་6གདན་དྲངས་ནས“མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་དང་འབད་འཐབ་ཀྱི་སྟོབས་ཤུགས་འཕེལ་བར་བྱེད་པར”དམིགས་ཏེ་ཀྲུང་ཕྱིའི་གསར་འགོད་པ་དང་ངོ་འཕྲད་སྤེལ་རེས་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་སླེའུ་ཀོག་གྲོང་ཚོ་ནི་སྔོན་ཆད་དབུལ་པོའི་གནས་སུ་གྱར་བའི་དཔེ་མཚོན་ཞིག་ཡིན་མོད། 2025ལོར་སླེབས་སྐབས་སླེའུ་ཀོག་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3ལྷག་ཟིན་ཡོད། “འདི་ནི་བོད་ཀྱི་གྲོང་གསེབ་དང་འབྲོག་ཁུལ་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད། དཔེ་མཚོན་འདི་འདྲ་བ་བོད་དུ་ཧ་ཅང་མང་པོ་ཡོད”“ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཆིག་སྟོང་གཉིས་ཀྱི་འགག་སྒོ་ལས་བསྟུད་མར་བརྒལ་ཡོད་ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཚེ་རིང་ཐར་གྱིས་ངོ་སྤྲོད་གནང་།

    “ང་ཚོར་རིགས་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་3845དང་རིགས་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་3156ཡོད། ཕོ་བྲང་པོ་ཏ་ལ་དང་། ལྷ་ལྡན་གཙུག་ལག་ཁང་། ནོར་བུ་གླིང་ག ས་སྐྱ་དགོན་ལྟ་བུ་འཛམ་གླིང་ལ་སྐད་གྲགས་ཆོད་པའི་ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་དེ་དག་སྲུང་སྐྱོང་ཧ་ཅང་ཡག་པོ་བྱས་ཡོད”“ད་ཆ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྲུང་སྐྱོང་བ་དང་། ལག་བསྟར་བ། སྐུལ་འདེད་པ་བཅས་ལ་གྱུར་ཡོད”ཅེས་ཚེ་རིང་ཐར་གྱིས་གསུངས།

    ད་ལོ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལག་བསྟར་བྱས་པའི་ལོ་དང་པོ་དེ་རེད། བཅའ་ཁྲིམས་འདིའི་སྐོར་གླེང་སྐབས་ཡུན་ནན་ཞིང་ཆེན་རྒྱལ་མོ་རྔུལ་ཆུའི་ལི་སུའུ་རིགས་རང་སྐྱོང་ཀྲོའུ་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་གཏན་ལས་དོན་གྱི་འགན་འཁུར་མཁན་ཀྲོའུ་ཀྲང་གཞོན་པ་ལི་ཞུའེ་ཐའོ་ཡི་ཆེས་ཐད་ཀའི་མྱོར་ཚོར་ནི“གདེང་ཚོད་དེ་བས་ཆེ་བ་དང་། འགན་འཁྲི་དེ་བས་ལྕི་བ། བླང་བྱ་དེ་བས་མཐོ་བ”བཅས་རེད། ལི་ཞུའེ་ཐའོ་ཡིས། བཅའ་ཁྲིམས་དོན་འཁྱོལ་དང་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བར་ཟུང་འབྲེལ་དམ་ཟབ་བྱས་ནས་རྒྱལ་མོ་རྔུལ་ཆུའི་ཀ་ཀོ་ལ་དང་། ཀོག་ཧྥེ། ཀྲུང་ལུགས་སྨན་རྒྱུ། རིག་གནས་ཡུལ་སྐོར་དང་ཕྱོགས་ཐོན་སོགས་ལེགས་ཆའི་ཁྱད་ལྡན་ཐོན་ལས་སྔར་བས་སྟོབས་ཆེར་བཏང་སྟེ་མང་ཚོགས་ཀྱི་ཡོང་འབབ་དེ་བས་མང་བ་དང་འཚོ་བ་དེ་བས་སྐྱིད་པོ་ཡོང་བ་བྱེད་དགོས་ཞེས་བརྗོད།

    “རྒྱལ་མོ་རྔུལ་ཆུ་ཀྲོའུ་ལ་ད་ཆ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ཁུལ་11དང་། གླུ་གར་དར་ཁྱབ་ཆེ་བའི་ཡུལ་ལུང་21 མངོན་མིན་རིག་གནས་ཤུལ་བཞག་354 མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་587བཅས་ཡོད”མི་རིགས་ཁག་གི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པའི་ཁྲོད་དུ་བཀྲག་མདངས་རྣམ་པར་འཚེར་བ་དང་དར་རྒྱས་གོང་འཕེལ་བྱུང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་མཉམ་དུ་སྐྱོང་བཞིན་ཡོད་ཅེས་ལི་ཞུའེ་ཐའོ་ཡིས་བརྗོད།

    མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲེན་ཀྲང་ལི་ཡུང་རེན་གྱིས་ས་གནས་ས་ཐོག་ཏུ་བ་ཡན་གྲོང་ཚོའི་འཚེམ་དྲུབ་ཧོར་རིགས་ཀྱི་ཕན་ཤིའུ་ཕར་ཆིན“ཉི་མ་མེ་ཏོག”བསྟན་ཞིང་། “མེ་ཏོག་དེ་ནི་ཉི་མར་ཕྱོགས་ནས་འཚར་བ་དང་དེ་ལས་ཧོར་རིགས་ཀྱི་བུ་ཕྲུག་ཚོའི་སེམས་པ་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་ལ་ཕྱོགས་པ་མཚོན་གྱི་ཡོད། འཇའ་ཚོན་མེ་ཏོག་གི་འདབ་མ་རྣམས་སྟོང་སྐུད་ཀྱིས་དམ་པོར་སྦྲེལ་ཏེ་མཚར་སྡུག་རྣམ་པར་བཀྲ་བ་དེ་ལས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གནས་ཚུལ་དངོས་མཚོན་གྱི་ཡོད”

    བ་ཡན་གྲོང་ཚོ་ནི་དེ་སྔ་རི་ཁུག་ཏུ་གནས་པས་འགྲིམ་འགྲུལ་སྟབས་བདེ་མེད་ལ་ཐོན་ལས་དཀོན་པའི་ས་ཆ་ཞིག་རེད། ལོ་མང་འཕེལ་རྒྱས་བཏང་བ་དང་ཡུལ་གཞན་ལ་དབུལ་སྐྱོར་གནས་སྤོ་སོགས་ཀྱི་སྲིད་ཇུས་ཀྱི་རོགས་སྐྱོར་ལ་བརྟེན་ནས་ཡུལ་དེས་ཧོར་རིགས་ཀྱི་ཕན་ཤིའུ་ཕར་ཆིན་དང་། གྲོང་གསེབ་ཡུལ་སྐོར། འོད་ཤུགས་གློག་གཏོང་། ཁྱད་ལྡན་འདེབས་གསོ་སོགས་ཐོན་ལས་སྣ་མང་ཆ་ལག་ཚང་བའི་སྒོ་ནས་སྐྱེད་སྲིང་བྱས་པས། ཕྱོགས་མང་ནས་འདེགས་སྐྱོར་བྱེད་པའི་དམངས་ཕྱུག་གི་ཐོན་ལས་བཀོད་པ་ཞིག་གྲུབ་ཡོད། མི་རིགས་ཁག་གི་མང་ཚོགས་ཚོས་ཐུན་མོང་ཐོག་ཁྱིམ་གཞིས་འཛུགས་སྐྲུན་དང་། ཐུན་མོང་ཐོག་ཐོན་ལས་དར་རྒྱས། ཐུན་མོང་ཐོག་ཁེ་འབབ་ལོངས་སྤྱོད་བཅས་བྱེད་རིང་སེམས་པ་ཐག་ཇེ་ཉེ་ནས་ཇེ་ཉེ་དང་མཉམ་འདྲེས་ཇེ་ཟབ་ནས་ཇེ་ཟབ་ཏུ་སོང་ཡོད།

    “ང་རང་གཞི་རིམ་དུ་སློབ་གསོའི་ལས་ཀ་བྱས་ནས་ལོ་24འགྲོ་ཡི་འདུག ལོ་འཁོར་མོར་མི་རིགས་ཁག་གི་ཕྲུ་གུ་དང་ཁྱིམ་བདག་ཚོ་དང་འབྲེལ་འདྲེས་བྱས་རྗེས་མི་རིགས་མཐུན་སྒྲིལ་ལས་བྱུང་བའི་གྲོང་གསེབ་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་འཕོ་འགྱུར་ཆེན་པོ་མིག་མཐོང་ལག་ཟིན་ཐུབ་བྱུང”རྒྱལ་ཁབ་ཀྱིས་ཤིན་ཅང་ནན་ཅང་ས་ཁུལ་གྱི་སློབ་ཞུགས་གོང་གི་སློབ་གསོར་རོགས་སྐྱོར་ཤུགས་ཆེན་གནང་སྟེ་པཱ་ཁྲུའུ་རྫོང་གི་ཤང་དང་གྲོང་རྡལ་ཚང་མར་ཚད་ལྡན་ཅན་གྱི་བུ་བཅོལ་ཁང་བརྒྱབ་ཡོད་པ་དང་སློབ་ཁྲིད་ཐོག་ཁང་དང་བརྒྱུད་ལམ་སྣེ་མང་སྨྱན་སྦྱོར་གྱི་སྒྲིག་ཆས་སོགས་གང་དགོས་འཛོམས་ཡོད་ཅེས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁ་ཧྲེ་ས་ཁུལ་པཱ་ཁྲུའུ་རྫོང་བྱིས་པའི་ཕུགས་འདུན་བུ་བཅོལ་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་ཨའེ་སྨི་ལཱ་ཀུའུ་ལི·ཨབ་ཏུ་ཡིས་བརྗོད།

    “མི་རིགས་ཁག་གི་ཕྲུ་གུ་ཚོས་མཉམ་དུ་སློབ་སྦྱོང་དང་མཉམ་དུ་རྩེད་མོ་རྩེ་བ་དང་མི་རིགས་ཁག་གི་ཁྱིམ་བདག་ཚོས་བུ་ཕྲུག་སྐྱོང་བའི་ཉམས་མྱོང་རྟག་ཏུ་གླེང་རེས་བྱས་ཏེ་ཚང་མ་འཆམ་མཐུན་མཉམ་གནས་ཐུབ་ནས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་གྲོང་གསེབ་ཏུ་རྩ་བ་བརྟན་པོ་ཚུགས་ཡོད”ཅེས་ཨའེ་སྨི་ལཱ་ཀུའུ་ལི·ཨབ་ཏུ་ཡིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།