དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཏང་གི་སྤྱོད་ཚུལ་བཟང་ན་མི་དམངས་བློ་བདེ་བག་ཕེབས་ཡོང་ཐུབ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཞང་། ཁོང་ཤིས་ཞི།   |     སྤེལ་དུས།  2026-07-22

    ཟླ་7ཚེས་1ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག “གདེང་ཚོད་བརྟན་གཏོང་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་དགོས”ཞེས་དང་། “ཏང་གི་ཡུན་རིང་སྲིད་སྐྱོང་ནུས་པ་ཆེ་རུ་གཏོང་བ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བཅས་ལ་དམིགས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་གསུངས་ཡོད།

    ཏང་གི་སྤྱོད་ཚུལ་དང་གཟུགས་བརྙན་ནི་ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་དང་འབྲེལ་བ་ཡོད་པས། དེས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྒྱལ་ཕམ་ཐག་གཅོད་བྱེད་ཐུབ།

    ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པའི་ནང་། “སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་མཐའ་འཁྱོངས་གཏོང་དགོས”ཞེས་ཁ་གསལ་བཏོན་པ་ལས། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་ཐབས་ལམ་གསལ་སྟོན་གནང་ཡོད།

    “ཏང་གི་སྤྱོད་ཚུལ་དྲང་ན། མི་དམངས་བློ་བདེ་བག་ཕེབས་བྱུང་ནས། ཏང་དང་མི་དམངས་སྐྱིད་སྡུག་མཉམ་མྱོང་བྱེད་ཐུབ” དུས་རབས་གསར་པ་ཤར་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ཐད་ལྷག་པའི་གནད་དོན་ལ་མཐིལ་རྟོགས་གཏིང་ཟབ་གནང་ནས། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་དགོས་པའི་ནན་བཤད་གནང་བར་བརྟེན། ཏང་སྲོལ་དང་། སྲིད་སྲོལ། སྤྱི་ཚོགས་ཀྱི་དར་སྲོལ་བཅས་གསར་རྐྱང་དུ་གྱུར་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས། ཏང་ནང་ཁུལ་དུ་ལྷག་པའི་གནད་དོན་དང་སྐྱོན་ཆ་སྣ་ཚོགས་ལ་དམིགས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འཁེལ་དང་དོན་འཁྱོལ་གནང་སྟེ་གནད་དོན་ཐག་གཅོད་བྱེད་འགོ་ཚུགས་ཤིང་། དེ་ནི་དུས་རབས་གསར་པའི་ཏང་གི་ཁ་དན་ཚིག་གནས་ཀྱི་བྱ་སྤྱོད་ཅིག་རེད།

    ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། “ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་མཉམ་དུ་དམ་འཛིན་དང་། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ཕན་ཚུན་སྦྲེལ་མཐུད་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕན་འབྲས་དངོས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས”ཞེས་གསུངས་ཡོད།

    དམངས་ཀྱི་ཡིད་ཆེས་ཐོབ་པའི་གྲུབ་འབྲས་ནི་མི་ཉུང་སྟབས་བསྡུས་ཀྱི་བརྟག་ཞིབ་རེ་རེ་དང་། དམ་པ་དོན་གཉེར་གྱི་ཚོགས་འདུ་རེ་རེ། སྟབས་བདེའི་ལྟོ་ཆས་ཐུན་རེ་རེ་བཅས་ལས་མངོན་ཡོད།

    སྤྱོད་ཚུལ་འཛུགས་སྐྱོང་ཐད་གྲུབ་འབྲས་དངོས་ལ་བརྟེན་ནས་ཡིད་ཆེས་ཐོབ་པར་བྱེད་པ་དང་དམངས་ཀྱི་བསྔཌ་བརྗོད་ལ་བརྟེན་ནས་ཕན་འབྲས་ལ་ཞིབ་དཔྱད་བྱེད་དགོས།

    2017ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལེའོ་ཉིང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། དཔལ་འབྱོར་གྱི་གྲངས་གཞི་མི་བདེན་རྫུན་སྒྲིག་བྱས་རིགས་ཐག་གཅོད་བྱས་པའི་སྐོར་གླེང་སྐབས་འཐུས་མི་ལ་ལས་སྦ་གསང་མེད་པར་གནད་དོན་གསལ་བཤད་བྱས་པ་རེད།

    “གྲངས་གཞི་ཁ་གསལ་གཏིང་གསལ་དང་རྫུན་ལྷད་མེད་པར་བྱེད་དགོས། མ་གཞི་ཁྱེད་ཚོས་བཏོན་པའི་གྲངས་གཞི་ཁྱེད་ཚོའི་ངོས་ནས་བརྗོད་ན་ཁ་གསལ་པོ་དེ་ཙམ་བྱུང་མེད་པའི་སྣང་བ་ཤར་ཡང་། ངས་བལྟས་ན་ཁ་གསལ་པོ་བྱུང་འདུག” སྤྱི་ཁྱབ་ཧྲུའུ་ཅིས“ང་ཚོས་དོན་གཉེར་བྱེད་པ་ནི་དངོས་དངོས་རྗེན་རྗེན་དང་རྫུན་ལྷད་མེད་པའི་འཕེལ་རྒྱས་ཡིན་པས། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་གྱི་ཉམས་སད་ཐེག་པར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    སྤྱོད་ཚུལ་འཛུགས་སྐྱོང་གི་ཕྱོགས་གཅིག་ནི་གྲི་དངོ་རང་གཏད་ཀྱི་བཙན་ཞིང་ནན་པའི་སྒྲིག་ལམ་དང་བྱེད་ཐབས་དང་སྦྲེལ་ཡོད་ལ། ཕྱོགས་གཞན་ཞིག་ནི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དང་སྦྲེལ་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕན་འབྲས་དེ་དམངས་ལ་བདེ་སྐྱིད་སྐྲུན་པའི་གྲུབ་འབྲས་དངོས་སུ་གྱུར་པ་བྱ་རྒྱུ་དེ་ནི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་རིང་ལྡན་དགོས་ངེས་ཀྱི་ནང་དོན་ཞིག་རེད།

    སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་རིང་། སྤྱི་ཁྱབ་ཧྲུའུ་ཅིས“སེམས་ནང་མི་དམངས་ཡོངས་བཅངས་པ་ལས་རང་ཉིད་མེད”ཅེས་པའི་བློ་མཐུན་ཅའོ་ཡུས་ལུའུ་ལ་བསྔགས་བརྗོད་གནང་བའི་བཀའ་མོལ་དེ་ཡང་ཡང་གསུངས་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་བློ་མཐུན་ཀུའུ་ཝུན་ཁྲང་ལ་སློབ་སྦྱོང་བྱས་ཏེ། མཛད་རྗེས་རྡོ་རིང་མི་དམངས་མང་ཚོགས་ཀྱི་སེམས་ནང་བཞེངས་དགོས་པའི་བླང་བྱ་བཏོན་གནང་ཡོད། སྐབས་བརྗེའི་རྗེས་སུ་ཐོན་སླ་བའི་སྲིད་དོན་ལས་རྗེས་ཀྱི་ངར་ལངས་དང་། རྨོངས་ཚོད་ཧོལ་རྒྱུག ཆེ་སྒྲུབ་མྱུར་སྤེལ་བཅས་དང་། དེ་བཞིན“སྔོན་མའི་འཆར་འགོད་ལས་ལྡོག་སྟེ་སྒྲུབ་པ”དང “བག་ཆགས་ཡག་པོ་འཇོག་གང་ཐུབ་བྱེད་པ”སོགས་ཀྱི་སྣང་ཚུལ་ལ་དམིགས་ནས། “བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པ་དང་བྱས་འབྲས་ཐོབ་པར་ངས་མི་རྩོད་པའི”སྙིང་སྟོབས་དར་སྤེལ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    ཏང་གི་སྤྱོད་ཚུལ་བཟང་པོ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་ན། དམངས་འཚོའི་བྱ་བ་དངོས་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། སྤྱོད་ཚུལ་ནན་པོ་རྒྱུན་རྣམ་དུ་གྱུར་ཚེ། སྲིད་དོན་ལས་རྗེས་ཀྱི་རྣམ་པ་གཞི་ནས“མཐོང་ཐུབ་པའི་རྣམ་པ”ནས“རེག་ཐུབ་པའི་ཕན་འབྲས་དངོས”ལ་བསྒྱུར་ཐུབ་པ་ལག་ལེན་ནས་ར་སྤྲོད་ཐུབ་ཡོད། ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་ཕྱིན་ན། མི་སེར་གྱི་འཛུམ་མདངས་མང་དུ་འགྲོ་བ་དང་བློ་བདེ་བག་ཕེབས་བྱུང་ནས། ཏང་དང་མང་ཚོགས་དབར་གྱི་གཅིག་སེམས་གཅིག་འབྲེལ་གྱི་རྩ་བའི་རྨང་གཞི་གཞི་ནས་བརྟན་དུ་འགྲོ་ཐུབ།

    སྤྱོད་ཚུལ་འཛུགས་སྐྱོང་ལ་རྫོགས་ཤད་འཐེན་ཐབས་མེད་ལ་ནམ་ཡང་ཚར་དུས་མེད།

    ད་ལོའི་ཟླ་7ཚེས་15ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས“གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་མུ་མཐུད་མཐུན་རྐྱེན་སྦྱོར་དགོས” ཞེས་དང་། “སེམས་ནུས་ཡོད་རྒུས་གྲོང་མིར་བྱ་བ་བཟང་པོ་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    “གཞི་རིམ་གྱི་ཁུར་པོ་མུ་མཐུད་ཡང་དུ་བཏང་ནས་གྲོང་ཚོའི་ལས་བྱེད་པར་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་ཚོད་དེ་བས་མང་བ་དང་སེམས་ཤུགས་དེ་བས་ཆེ་བ་ཡོད་པ་བྱེད་དགོས”ཞེས་ད་ལོའི་ཟླ་6ཚེས་24ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཏེ་ཀྲོའུ་རུ་རྟོག་ཞིབ་གནང་སྐབས་དེ་ལྟར་ནན་བཤད་གནང་ཡོད།

    2025ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་དང་ཡུན་ནན་དུ་རྟོག་ཞིབ་གནང་ཞིང་། ཀྲའོ་ཤིང་ཏུང་ཀྲའེ་གྲོང་སྡེར་“རྐུབ་སྟེགས་བཞུགས་མོལ་ཚོགས་འདུ”འཚོགས་པའི་རྣམ་པ་འཁྲུག་ཆ་དོད་པ་དང་མི་ཉུང་སྟབས་བསྡུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ལི་ཅང་གནའ་གྲོང་དུ་ཕེབས་སྐབས་སྲང་ལམ་དང་ཁྲོམ་གཞུང་གང་སར་དགའ་སྤྲོའི་རྣམ་པས་ཁེངས།

    སྐབས་དེ་དུས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏང་ཡོངས་སུ་སྤེལ་བཞིན་ཡོད། ཏང་ཀྲུང་དབྱང་གིས་ད་ཐེངས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་བའི་གཏན་འབེབས་ལ་བསམ་གཞིག་གཏིང་ཟབ་བྱས་པའི་སྐོར་གླེང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་དེ་དག་ནང་གཏན་འབེབས་དོན་ཚན་བརྒྱད་ཀྱིས་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་ཡོང་བར་སྐུལ་མ་ཏན་ཏིག་ཐེབས་པ་མ་ཟད། དར་སྲོལ་གསར་རྐྱང་དུ་གྱུར་ནས་སྔོན་མའི་ངན་ལོབས་སྒྱུར་དཀའི་སྣང་ཚུལ་ཕལ་ཆེ་བ་མེད་པར་གྱུར་ཡོད། དེ་དང་དུས་མཚུངས་ས་གནས་ལ་ལར་ལྷོད་གཡེང་གི་སྣང་ཚུལ་ཐོན་པ་དང་། ཕྱོགས་ཁ་ཤས་ལ་ད་དུང་མུན་ཁུལ་དང་ཁུག་ཆ་གནས་པ། སྤྱོད་ཚུལ་ངན་པ་ཁ་ཤས་བསྐྱར་ལོག་བཅས་ཀྱང་བྱུང་བ་མཐོང་ཐུབ་པ་བྱེད་དགོས། གཟེར་འདེབས་སྐབས་ཐེངས་ཁ་ཤས་གཞུས་ནས་བརྟན་པོ་ཡོང་བར་བྱེད་པ་དང་སྙིང་རུས་གཏན་འཁྱོངས་ཀྱིས་སྤྱོད་ཚུལ་བཟང་པོ་གོམས་གཤིས་སུ་འགྱུར་བར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    སྙིང་རུས་གཏན་འཁྱོངས་བྱེད་པར་རྒྱུན་དུ་དམ་འཛིན་དང་། དམ་འཛིན་ཞིབ་ཚགས། དམ་འཛིན་ཡུན་རིང་བཅས་བྱེད་དགོས་པ་དང་། ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་པ་ནས་སྒྲིག་ཁྲིམས་ལག་བསྟར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པའི་བར་དང་། ལམ་ལུགས་ལ་བརྟེན་ནས་གཅུན་སྡོམ་བྱེད་པ་ནས་སྒྲིག་ཁྲིམས་ཀྱི་རང་རྟོགས་བར། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་དང་ཏན་ཏིག་ཡོང་བ་བྱེད་དགོས།

    “ཏང་གི་སྤྱོད་ཚུལ་ནི་ཏང་གི་གཟུགས་བརྙན་ཡིན་པས། བློ་ཕྱོགས་གཏད་མིན་དང་འབྲེལ་བ་ཡོད་ལ། ཏང་གི་འཆི་གསོན་ཆགས་འཇིག་དང་ཡང་འབྲེལ་བ་ཡོད”རང་རེའི་ཏང་གིས་རྒྱལ་སྲིད་ནི་མི་དམངས་ཡིན་པ་དང་མི་དམངས་ནི་རྒྱལ་སྲིད་ཡིན་པ་བློ་ལ་བརྟན་པོར་ངེས་ནས་ཏང་འཛུགས་སྤྱི་ཕན་དང་སྲིད་སྐྱོང་དམངས་ཕན་མཐའ་འཁྱོངས་བྱེད་པ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རང་རྟོགས་ངང་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ངང་མི་དམངས་དང་མཉམ་དུ་ལངས་པ་དང་། མཉམ་དུ་བསམ་བློ་གཏོང་བ། མཉམ་དུ་ལས་ཀ་བྱེད་པ་བཅས་བྱས་ཚེ། རླུང་རླབས་གང་རུང་གིས་ཀྱང་གཡོ་འགུལ་གཏོང་མི་ཐུབ་པའི་རྩ་བའི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།