མངའ་རིས་ཀྱི་རི་ཐང་རྐང་འཁོར་བྱེས་བགྲོད་འགྲན་སློང་འགྲན་བསྡུར་སྐབས་དྲུག་པ་ཟླ་9པར་འགོ་འཛུགས་རྒྱུ་ཡིན་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། 2026ལོའི་བོད་ཀྱི“ལུས་རྩལ་འགྲན་བསྡུར་དུས་ཚིགས”ཀྱི་རིམ་སྤེལ་བྱེད་སྒོ་སྟེ། མངའ་རིས་ཀྱི་རི་ཐང་རྐང་འཁོར་བྱེས་བགྲོད་འགྲན་སློང་འགྲན་བསྡུར་སྐབས་དྲུག་པ་ཟླ་9པར་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཧོར་གྲོང་རྡལ་དུ་འགོ་འཛུགས་རྒྱུ་རེད། ད་ཐེངས་ཀྱི་འགྲན་བསྡུར་ལ་སྐྱེས་པ་མི་སྒེར་གྱི་འགྲན་བསྡུར་དང་། བུད་མེད་མི་སྒེར་གྱི་འགྲན་བསྡུར། ཚོགས་པའི་འགྲན་བསྡུར་བཅས་ཚོགས་ཆུང་གསུམ་ལ་དབྱེ་ཡོད་པ་དང་སྔོན་དཔག་བྱས་ན་མི་70འགྲན་བསྡུར་ལ་ཞུགས་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ་62ཙམ་ཡོད་ཅིང་། སྐོར་ལམ་རྐྱང་པའི་འགྲན་ལམ་དེ་མ་ཕམ་གཡུ་མཚོའི་མཚོ་སྐོར་ལམ་དང་གངས་རིན་པོ་ཆེའི་མཐའ་འཁོར་དུ་བཀོད་སྒྲིག་བྱས་ཡོད་པ་དང་། འགྲན་ལམ་གྱི་ས་བབ་མཐོ་ཚད་སྨི་4500ནས་4700བར་ཡིན་པས་རྒྱལ་ནང་གི་ས་བབ་མཐོ་ཤོས་ཀྱི་རི་ཐང་རྐང་འཁོར་འགྲན་བསྡུར་གྱི་གྲས་ཤིག་རེད།
མངའ་རིས་ས་ཁུལ་སློབ་གསོ་ཅུས(མངའ་རིས་ས་ཁུལ་ལུས་རྩལ་ཅུས)ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲན་ལམ་དེ་གངས་རིན་པོ་ཆེ་དང་། མ་ཕམ་གཡུ་མཚོ། ལ་ལྔ་མཚོ་སོགས་ལྟེ་བའི་མཛེས་ལྗོངས་ཁུལ་གྱི་རྒྱུད་དུ་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱས་པ་དང་། ས་མཐོའི་མྱ་ངམ་ཐང་དང་ན་ཁའི་ལུང་གཞུང་སོགས་ཀྱི་ཐུན་མོང་མ་ཡིན་པའི་ས་དབྱིབས་ལ་བརྟེན་ནས་ས་བབ་མཐོ་བ་དང་། གདོད་མའི་སྐྱེ་ཁམས། དབྱིངས་ཞུགས་རྣམ་པ་བཅས་ཀྱི་ཆེད་ལས་བྱེས་བགྲོད་འགྲན་ལམ་བཏོད་པས། འགྲན་ལམ་དང་ཡུལ་སྐོར་ལམ་ཐིག་རྩེ་གྲ་གཞི་གཅིག་ཏུ་བཀོད་སྒྲིག་དང་དུས་གཅིག་ཏུ་འོས་སྦྱོར་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།