བོད་ཀྱི་ཁེ་ལས་ཚོགས་པ་11“མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུར”ཞུགས་པ།
ཉིན་ཤས་གོང་ཟི་ལིང་དུ“སྒོ་དབྱེ་མཉམ་ལས། ལྗང་མདོག་འཕེལ་རྒྱས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་27པ་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་རང་ལྗོངས་ཀྱི་ཁྱད་ལྡན་ཁེ་ལས་11སྐབས་འདིའི་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཞུགས་རྒྱུ་སྒྲིག་འཛུགས་བྱས་ཤིང་། འགྲེམས་ཚོགས་ཀྱི་ལས་སྟེགས་ལ་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྟོན་པ་དང་། བོད་ཀྱི་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་བ། ཁྲོམ་རའི་ཐབས་ལམ་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས“བོད་ཀྱི་ཐོན་རྫས་ཕྱིར་གཏོང་བར”སྐུལ་འདེད་བཏང་ཡོད།
མཚོ་སྔོན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་ཀྱི་ཚོམས་ཆེན་ནུབ་མའི་W7འགྲེམས་གནས་སུ་སྐྱོད་སྐབས། བོད་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་རྒྱན་སྦྱོར་འགྲེམས་ཁང་མངོན་གསལ་ལྷག་པར་དོད། ལྟ་སྐོར་དུ་ཡོང་མཁན་མི་ཚོགས་ཀྱི་རྒྱུན་ཆད་རྒྱུ་མེད་པ་དང་འགྲེམས་ཁང་ནང་དུ་ནས་ཀྱི་ཐོན་རྫས་དང་། ཚགས་ཤ དེ་བཞིན“གསོ་རླུང་རྔུབ་བྱེད་འབོ”སོགས་འགྲེམས་རྫས་རིམ་པ་བཞིན་བཤམས་ཡོད་པ་རེད།
གསར་འགོད་པས་འགྲེམས་ཁང་གི་མི་ཚོགས་ཁྲོད་སྐྱོད་སྐབས། འགྲེམས་གནས་ཁག་གི་ཁྱད་ལྡན་ཐོན་རྫས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ཅིང་། བོད་ལྗོངས་ཕག་གྲུ་ཨ་རག་གཞིས་ཀ་ཚད་ཡོད་ཀུང་སིའི་འགྲེམས་གནས་མདུན་དུ་ས་བབ་ཆེས་མཐོ་བའི་ཁུལ་ནས་ཐོན་པའི་རྒུན་འབྲུམ་ཨ་རག་ལ་ཚོང་འགྲུལ་པ་མི་ཉུང་བ་ཞིག་བྲོ་བ་མྱོང་བར་ཡོང་བའི་ཡིད་དབང་བཀུག་ཡོད། འགྲེམས་ཚོང་ལ་ཞུགས་མཁན་འཐུས་མི་ནོར་སྒྲོན་གྱིས་གསར་འགོད་པར“ང་ཚོའི་རྒུན་འབྲུམ་ཨ་རག་གི་རྒྱུ་ཆ་རྒུན་འབྲུམ་དེ་ཡར་ཀླུང་གཙང་པོའི་ལུང་ཤུར་དུ་འདེབས་པ་དང་ཅི་ཉི་སིས་བདེན་དཔང་ར་སྤྲོད་བྱས་པའི་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རྒུན་འབྲུམ་གླིང་ཞིག་ཡིན་པས། ད་རེས་ཐོན་རྫས་མང་པོ་ཞིག་ཁྱེར་ནས་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ལས་སྟེགས་ལ་བརྟེན་ཏེ་མི་དེ་བས་མང་བས་བོད་ཀྱི་ས་བབ་མཐོ་བའི་རྒུན་འབྲུམ་ཨ་རག་གི་དམིགས་བསལ་གྱི་སྤུས་ཀ་ཤེས་རྟོགས་ཐུབ་པར་བྱེད་ཀྱི་ཡིན”ཞེས་བཤད།
འགྲེམས་སྟོན་གྱི་ཉིན་དང་པོར་བོད་ལྗོངས་འགྲེམས་ཁུལ་གྱིས་ལྗང་མདོག་སྤུས་ལེགས་དང་ཁྱད་ཆོས་མངོན་གསལ་དོད་པའི་ཐོན་རྫས་ཀྱི་ལེགས་ཆར་བརྟེན་ནས་དོ་སྣང་ཆེ་ཤོས་བྱ་ཡུལ་དུ་གྱུར་ཏེ་ལྟ་སྐོར་བ་དང་ཚོང་འགྲུལ་པ་མང་པོ་ངོ་འཕྲད་གྲོས་མོལ་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད། འགྲེམས་ཚོགས་འཚོག་རིང་བོད་ཀྱི་འཐུས་མི་ཚོགས་པས་ད་དུང་ཐོན་རྫས་འགྲེམས་སྟོན་དང་དཔལ་འབྱོར་ཚོང་དོན་སྦྲེལ་མཐུད་སོགས་བྱེད་སྒོ་རྒྱུན་མཐུད་སྤེལ་ནས་ཕྱོགས་ཁག་གི་ཚོང་འགྲུལ་དབར་གྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་བོད་ཀྱི་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་ས་མཐོ་ནས་ཐོན་ཏེ་དེ་བས་རྒྱ་ཆེ་བའི་ཁྲོམ་རར་ཞུགས་རྒྱུར་རམ་འདེགས་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།