ད་ལོའི་ལོ་སྟོད་དུ་བོད་ཀྱི་དཔལ་འབྱོར་སྤྱི་ཡོངས་བརྟན་འཁྱོངས་ཐུབ་པ།
དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་མང་པོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།
ཚེས་20ཉིན་གསར་འགོད་པར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། ལས་དོན་ཁག་སྒྲུབ་པའི་བྱ་ཐབས་དོན་འཁྱོལ་གནད་སྨིན་བཅས་བྱས་པས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྤུས་འབྲས་ལེགས་གཉེར་བྱུང་བ་དང་དམངས་འཚོའི་བྱ་གཞག་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཏེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤྱི་ཡོངས་བརྟན་འཁྱོངས་ཐུབ་ནས། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་མང་པོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་མུ་མཐུད་སླེབས་ཡོད།
རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཝང་ཤིའུ་ལི་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་གཅིག་གྱུར་གྱི་ཞིབ་རྩིས་བྱས་འབྲས་ལ་གཞིགས་ཚེ། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1555.55ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས་6.3%འཕར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་མུ་མཐུད་བརྟན་དུ་ཕྱིན་ཡོད།
ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཡག་པོ་བྱུང་བ། ཞིང་ལས་བརྟན་འཕར་བྱུང་ནས་ཞིང་ནགས་འབྲོག་ཉ་བཅས་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་100.10ཟིན་པ་དེ་དུས་མཚུངས་ལས་8.0%འཕར་བ་དང་། དཀར་ཆུའི་ཐོན་ཚད་ཏུན་ཁྲི་22.61ཟིན་ནས་5.2%འཕར་བ། ཕག་ཤ་དང་། ཚགས་ཤ ལུག་ཤ་བཅས་ཀྱི་ཐོན་ཚད་ཏུན་ཁྲི་5.25ཟིན་ནས་9.0%འཕར་བ། བཟོ་ལས་མགྱོགས་ཙམ་འཕར་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་20.9%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་མ་ཟད། ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཀྱིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་གློག་གཏོང་བསྡུར་ཚད་96.2%བཟུང་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་ལ་སྤུས་འབྲས་ལེགས་གཉེར་མངོན་གསལ་དོད་པོ་བྱུང་ཡོད།
ཕྱི་ནང་གི་དགོས་མཁོ་གཉིས་ཀས་མཉམ་དུ་ཤུགས་བརྒྱབ་པ། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་1.7%འཕར་བའི་ནང་དམངས་ཁྲོད་ཀྱི་མ་འཇོག་བྱེད་ཚད་15.7%འཕར་ནས། འཛད་སྤྱོད་ཀྱི་དགོས་མཁོ་བརྟན་པོའི་ངང་ཆེ་རུ་ཕྱིན་ཏེ་སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་473.98ཟིན་པ་དེ་དུས་མཚུངས་ལས་3.6%འཕར་བའི་ནང་། བཅད་གྲངས་ཡན་གྱི་འཛད་ཟོག་སིལ་ཚོང་བསྡོམས་འབོར་4.2%འཕར་ཡོད།
དམངས་འཚོའི་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14406ཟིན་པ་དེ་དུས་མཚུངས་ལས་7.8%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་2.6གིས་མཐོ་བ་ཡོད་པའི་ནང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་6.6%དང་8.0%སོ་སོར་ཟིན་ནས། “ཡོང་འབབ་གསུམ”གྱི་འཕར་ཚད་ཆ་སྙོམས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དམངས་འཚོའི་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ནོར་སྲིད་གཏོང་སྒོ་འཕར་མགྱོགས་པོ་བྱུང་སྟེ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་ནང་སློབ་གསོ་དང་། འཕྲོད་བསྟེན་བདེ་ཐང་། སྤྱི་ཚོགས་འགན་སྲུང་། ལས་ཞུགས་བཅས་ཀྱི་གཏོང་སྒོ་ཚང་མ་གྲངས་གནས་གཉིས་འཕར་ཡོད།
རྒྱུ་རྐྱེན་གཙོ་བོའི་འགན་སྲུང་དང་ཟོག་གོང་སྤྱི་ཡོངས་བརྟན་པོ་བྱུང་བ། སྤྱི་ཚོགས་ཡོངས་ཀྱིས་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་97.31ཟིན་ནས་15.5%འཕར་བ་དང་། འགྲུལ་པ་འགྲུལ་བཞུད་བྱེད་ཚད་སྤྱི་ལེ་དུང་ཕྱུར་80.08ཟིན་པ་དེ་དུས་མཚུངས་ལས་7.0%འཕར་བ། དངོས་ཟོག་འཁོར་རྒྱུག་བྱེད་ཚད་ཏུན་སྤྱི་ལེ་དུང་ཕྱུར་81.76ཟིན་པ་དེ་དུས་མཚུངས་ལས་4.5%འཕར་ནས་དཔལ་འབྱོར་འཁོར་རྒྱུག་ལ་འདེགས་སྐྱོར་ནུས་ལྡན་ཐུབ་པ། གྲོང་མིའི་འཛད་སྤྱོད་རིན་གོང་དུས་མཚུངས་ལས་0.7%འཕར་ནས་འཕར་ཚུལ་བཟང་པོ་ཡོད་པ། དམངས་འཚོའི་ཚོང་ཟོག་གལ་ཆེན་མཁོ་སྤྲོད་འདང་ངེས་ཐུབ་ནས་ཁྲོམ་རའི་རིན་གོང་དང་སྒྲིག་ལམ་བརྟན་པོ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།