རྒྱལ་མཚམས་མེད་པར་ལུས་རྩལ་སྤེལ་རེས་བྱེད། ས་མཐོའི་བུ་ཕྲུག་རྒྱང་ལམ་གསར་པར་སྐྱོད།
——ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ སྐབས་ལྔ་པའི་སྐུ་མགྲོན་ཚོས“ས་མཐོའི་ལུས་རྩལ་གྱི་མཉམ་ལས”སྐོར་ལྷུག་པོར་གླེང་བ།
“ད་ལོའི་ཟླ་9པར། ང་ཚོས་གཞིས་རྩེའི་རྐང་རྩེད་སྤོ་ལོ་རྒྱག་མཁན་གཞོན་ནུ་ཚོ་ཁྲིད་ནས་ཨ་ཀེན་ཐིན་དུ་བསྐྱོད་དེ་ས་ཁམས་དང་རིག་གནས་བརྒལ་བའི་མཛའ་མཐུན་གྱི་རྒྱུན་དེ་སླར་ཡང་བསྐྱང་གི་ཡིན” ཚེས་17ཉིན་གཞིས་རྩེ་གྲོང་ཁྱེར་སློབ་གསོ་ཅུས(ལུས་རྩལ་ཅུས)ཀྱིས་བོད་ལྗོངས་ཇོ་མོ་གླང་མ་ཐོན་ཁུངས་མ་རྐང་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་བྱས་ཏེ། ཨ་ཀེན་ཐིན་གྱི་སར་ཐ་ཞིང་ཆེན་སའེ་ལི་ལུའེ་སི་གྲོང་ཁྱེར་དང《གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་གསོ་སྦྱོང་སྤེལ་རེས་ཀྱི་འདོད་མཐུན་ཡི་གེ》ལ་མིང་རྟགས་བཀོད་ཅིང་། རྐང་རྩེད་སྤོ་ལོ་མཐུན་རྐྱེན་དུ་བྱས་ནས་ཀྲུང་གོ་དང་ཨ་ཀེན་ཐིན་རྒྱལ་ཁབ་གཉིས་ཀྱི་ལུས་རྩལ་མཉམ་འགུལ་དང་མི་ཆོས་རིག་གནས་འབྲེལ་མཐུད་ཀྱི་ཕུགས་ཕན་འབྲེལ་ཟམ་བསྐྲུན་པ་རེད།
རི་ཀླུང་བརྒལ་བའི་ལུས་རྩལ་གྱི“གཉིས་མོས་མཉམ་འབད”ནི་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པར་ཐོབ་པའི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་རེད།
ཧི་མ་ལ་ཡའི་མཐའ་འཁོར་ས་ཁོངས་ཀྱི་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆ་དང་དམིགས་བསལ་རི་ལུང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས། ད་རེས་ཀྱི་གླེང་སྟེགས་ལ“ས་མཐོའི་ལུས་རྩལ་མཉམ་ལས”ཀྱི་ཡན་ལག་གླེང་སྟེགས་གསར་དུ་བཙུགས་ཏེ། ས་ཁོངས་རང་བཞིན་དང་རྒྱལ་སྤྱི་ཅན་གྱི་ས་མཐོའི་ལུས་རྩལ་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་བཏོད་པ་རེད།
གླེང་སྟེགས་ཀྱི་ས་ཡུལ་དངོས་སུ་བསམ་བློའི་རླབས་རྒྱུན་འཕྱུར་བ་དང་སྤེལ་རེས་འཁྲུག་པོ་བྱུང་ཞིང་། རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་། འཐབ་ས་དང་པོའི་རྩལ་ཁྲིད་པ། ལུས་རྩལ་གྱི་ལས་གཉེར་པ་བཅས་ཀྱིས་ས་མཐོའི་སྙུགས་ཤེད་རྣམ་གྲངས་ཀྱི་རྩལ་འགྲན་མཐོར་གཏོང་དང་ལུས་རྩལ་ཤེས་ལྡན་པའི་འོས་གྲབས་དཔུང་ཁག་འཛུགས་སྐྱོང་སོགས་འགག་རྩའི་ཞིབ་འཇུག་བྱ་གཞིར་དམིགས་ནས་བགྲོ་གླེང་ཟབ་མོ་དང་ལྟ་ཚུལ་ལྷུག་གླེང་བྱས་པ་རེད།
རྩེར་སོན་གྱི་རྒྱལ་སྤྱིའི་སྤེལ་རེས་ལས་སྟེགས་དང་མདུན་གྲལ་གྱི་ལས་རིགས་འཕེལ་རྒྱས་ཀྱི་འདུ་ཤེས་ལས་ཚོགས་འདུར་ཞུགས་མཁན་རང་ཡུལ་གྱི་ལུས་རྩལ་ལས་དོན་པའི་བློ་སྒོ་ཆེན་པོ་ཕྱེ་ཡོད།
བོད་རང་སྐྱོང་ལྗོངས་རྩལ་འགྲན་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་རྩལ་ཁྲིད་པ་སྟོབས་རྒྱལ་གྱིས“ད་ཐེངས་ཀྱི་གླེང་སྟེགས་སུ་ངས་ལུས་རྩལ་གྱི་རིགས་གཅིག་མཁས་ཅན་དང་རྩལ་ཁྲིད་པ་ཚོ་དང་གླེང་མོལ་བྱས་པ་དང་། སྔོན་ཐོན་གྱི་འདུ་ཤེས་དང་བྱང་ཆུབ་པའི་མཉམ་ལས་བྱེད་སྟངས་མང་པོ་ཤེས་རྟོགས་བྱུང་བ་མ་ཟད། ངའི་མཐོང་རྒྱའང་ཆེ་རུ་ཕྱིན་སོང”ཞེས་བརྗོད་ཅིང་། ཁོང་གིས། རང་སྐྱོང་ལྗོངས་ས་མཐོའི་ལུས་རྩལ་དང་བདེ་ཐང་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་གཞོན་པ་སུན་རུའེ་ཀྲེས་གླེང་སྟེགས་སུ་མཉམ་སྤྱོད་བྱས་པའི་ནང་དོན་དང་ཉམས་མྱོང་ལས་རང་ཉིད་ཀྱིས་རྗེས་མཐུད་ཀྱི་སྦྱོང་བརྡར་བྱེད་སྟངས་ལེགས་སུ་གཏོང་བ་དང་ས་མཐོའི་ལུས་རྩལ་ཤེས་ལྡན་པ་གསོ་སྐྱོང་ཐད་རྩ་ཆེའི་བསམ་ཕྱོགས་དང་ཁ་ཕྱོགས་རྙེད་བྱུང་ཞེས་བཤད་པ་རེད།
ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ས་ཧ་སྤྱི་མཐུན་རྒྱལ་ཁབ(ཡ་ཁུའུ་ཐེ)ནས་ཡིན་པའི་ཝེ་ཁེ་ཐུའོ·ཝ་ཤིས་ལེ་ཧྥུའུ་ཡིས་ད་ཆ་རང་སྐྱོང་ལྗོངས་རི་འཛེག་གངས་ཤུད་རུབ་འཛོམས་སྦྱོང་བརྡར་རུ་ཁག་གི་རྩལ་ཁྲིད་པ་བྱེད་ཀྱི་ཡོད་པ་དང་། ཁོང་གིས་རང་ལྗོངས་ཀྱི་གངས་ཤུད་དཔུང་ཁག་འཕེལ་རྒྱས་འགྲོ་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད། “བོད་ཀྱི་ལུས་རྩལ་པའི་གཟུགས་པོའི་ཆ་རྐྱེན་ལེགས་པ་དང་སྙུགས་ཤེད་དང་མི་མངོན་པའི་སྟོབས་ཤུགས་མངོན་གསལ་དོད་པོ་ཡོད་མོད། འོན་ཀྱང་དགུན་དུས་ཀྱི་རྣམ་གྲངས་ཐད། ད་དུང་རྒྱལ་སྤྱིའི་གངས་འཁྱགས་ལུས་རྩལ་ཐོན་ཁུངས་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་རྒྱལ་མཚམས་སྒྲོལ་བའི་མཉམ་སྦྱོང་དང་རྒྱལ་སྤྱིའི་མཛའ་མཐུན་འགྲན་བསྡུར་བརྒྱུད་འགྲན་བསྡུར་ཆེན་པོའི་ཉམས་མྱོང་གསོག་པ་དང་། རྒྱལ་སྤྱི་ཅན་གྱི་ཤུགས་ཆེའི་སྦྱོང་བརྡར་ལ་བརྟེན་ནས་དཔུང་ཁག་གི་སྟོབས་ཤུགས་ཞུན་བརྡར་བྱེད་དགོས”ཞེས་བརྗོད་པ་རེད།
རང་སྐྱོང་ལྗོངས་རི་འཛེག་རུ་ཁག་གི་གངས་ཤུད་རུབ་འཛོམས་སྦྱོང་བརྡར་གྱི་ལུས་རྩལ་པ་སྐལ་བཟང་ཆོས་སྒྲོན་གྱིས“2028ལོའི་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་ནི་ང་ཚོའི་མིག་སྔའི་དུས་མཚམས་ཀྱི་གྲ་སྒྲིག་དམིགས་ཚད་ཡིན། རྩལ་ཁྲིད་པ་ཝེ་ཁེ་ཐུའོ·ཝ་ཤིས་ལེ་ཧྥུའུ་ཡིས་ང་ཚོའི་དེ་སྔའི་སྦྱོང་བརྡར་གྱི་ཕྱོགས་རྐྱང་པའི་ངོས་འཛིན་ཐད་ལ་ལེགས་བཅོས་བྱས་ཡོད། སླད་ཕྱིན་ང་ཚོས་སྦྱོང་བརྡར་བྱེད་ཐེངས་རེ་རེར་དམ་འཛིན་ཏན་ཏིག་བྱས་ནས་ལག་རྩལ་གྱི་ཞན་ཆ་སེལ་བ་དང་འགྲན་བསྡུར་ཆེན་པོའི་ཉམས་མྱོང་གསོག་འཇོག་བྱས་ཏེ་ནུས་ཤུགས་ཡོད་རྒུས་གདོང་མཆོང་བྱས་ནས་བོད་ཀྱི་དགུན་དུས་ལུས་རྩལ་བྱ་གཞག་ལ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་བྱེད་ཀྱི་ཡིན”ཞེས་བཤད།
ལུས་རྩལ་ལ་བརྟེན་ནས་ཕྱི་ཕྱོགས་དང་སྤེལ་རེས་གཏིང་ཟབ་བྱས་ནས་ལོ་མང་སོང་རྗེས། རང་ལྗོངས་ཀྱི་ལུས་རྩལ་དེ་ཕྱི་ཕྱོགས་དང་སྤེལ་རེས་བྱེད་རྒྱ་དང་གཏིང་ཟབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
ལོ་ཉི་ཤུ་ལྷག་ཙམ་གྲུབ་འབྲས་ཐོབ་པའི་ངང་གཉེར་བའི་སྤུས་རྟགས་གྲགས་ཅན་གྱི་བྱེད་སྒོ་སྟེ། ཀྲུང་གོའི་བོད་ལྗོངས་རི་འཛེག་ཚོགས་ཆེན་ལ་བརྟེན་ནས་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་རི་འཛེག་ལུས་རྩལ་དང་རི་ཐང་ཕྱོགས་རོལ་ལུས་རྩལ་སྤེལ་རེས་བྱེད་སྒོ་སྤེལ་ནས་རྒྱལ་ཁབ་ཕྱི་ནང་གི་ཕྱོགས་ཐོན་ཁྱབ་ཁོངས་ཀྱི་མཉམ་འགུལ་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ཡོད། དེ་དང་ཆབས་ཅིག་ས་མཐོའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་རང་ལྗོངས་ཀྱིས་ད་དུང་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སོགས་ཁྱད་ལྡན་སྤུས་རྟགས་ཀྱི་འགྲན་བསྡུར་ཞིབ་ཚགས་ངང་བཏོད་དེ། སྤུས་ལེགས་འགྲན་བསྡུར་གཞི་རྟེན་དུ་བྱས་ནས་བོད་ལྗོངས་ཀྱི་ས་མཐོའི་ལུས་རྩལ་གྱི་མིང་བྱང་རྒྱུན་མཐུད་སྐད་གྲགས་ཆེ་རུ་བཏང་ཡོད།
རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཕྱི་ཕྱོགས་འབྲེལ་གཏུག་སིའི་སི་ཀྲང་གཞོན་པ་ཧྲེན་ཅེས“ང་ཚོས་བོད་ཀྱིས་རི་འཛེག་ལུས་རྩལ་དང་། རི་ཐང་ཕྱོགས་རོལ་ལུས་རྩལ། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་བཅས་དམ་འཛིན་བྱ་གཞིར་བྱེད་པར་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་ཉེ་འཁོར་རྒྱལ་ཁབ་དང་དེ་བཞིན‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་རྒྱལ་ཁབ་ལ་རྒྱུན་མཐུད་ཁ་ཕྱོགས་ནས་ཁྱད་ལྡན་སྤུས་རྟགས་ཀྱི་སྤེལ་རེས་བྱེད་སྒོ་དེ་བས་མང་བ་བཏོད་པ་དང་སྣ་མང་ཅན་གྱི་དམངས་ཁྲོད་ལུས་རྩལ་སྤེལ་རེས་ལས་སྟེགས་བསྐྲུན་ཏེ་འཛམ་གླིང་ལ་བོད་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ཕྱོགས་ཡོངས་ནས་ངོམ་སྟོན་གྱིས་བོད་ཀྱི་ལུས་རྩལ་བྱ་གཞག་གི་སྤུས་ཚད་ལེགས་གཏོང་རིམ་སྤོར་དང་མི་རིགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་རོགས་རམ་བྱས་ཏེ་ལུས་རྩལ་མཚམས་སྦྱོར་དུ་བྱས་ནས་ཀྲུང་ཕྱིའི་དམངས་སེམས་འབྲེལ་མཐུད་དང་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་ཐབས་ལམ་ཤར་གཏོང་ཐུབ་པར་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་ཆེད་ལུས་རྩལ་གྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།