ནུས་རྒྱུ་གཙང་མའི་ཐོན་ལས་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྱུར་པ།
ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། ཆབ་མདོ་གྲོང་ཁྱེར་གྱིས་འབྲི་ཆུའི་སྟོད་རྒྱུད་དང་། རྫ་ཆུའི་སྟོད་རྒྱུད། བོད་ཤར་ལྷོའི་རྒྱུད(གཡུ་རྫ)བཅས་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་གསུམ་དང་བོད་ཤར་རྒྱུད་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བས། ཆབ་མདོ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་མྱུར་ལམ་དུ་སླེབས་ཡོད་པ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། གྲོང་ཁྱེར་ཡོངས་སུ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་1900ཟིན་པ་དང་། བསྐྲུན་ཟིན་པའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་660ཟིན་པ། ལོའི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་23.91ལས་བརྒལ་བ། སྤྱི་ཚོགས་ཡོངས་ཀྱིས་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་30.91ཟིན་ནས་ནུས་རྒྱུ་གཙང་མ་མཁོ་སྤྲོད་དང་འཛད་སྤྱོད་ནུས་པ་གཉིས་ཀ་འཕར་ཡོད།
ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ལི་ཧྲུའུ་གོས། ཆབ་མདོ་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ་ཀྲུང་གོ་རླངས་འཁོར་ཀྲུའུ་ཀྲོའུ་སུའོ་དང་། དམིགས་བསལ་གློག་འགྱུར་བཟོ་པ། ཤར་ཕྱོགས་གློག་ཤུགས། ཆུ་གློག་ཅུས་བཞི་པ་སོགས་ཁེ་ལས་བཅའ་སྡོད་བྱས་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས་22ཁྲོད་ནུས་རྒྱུའི་གློག་གཏོང་ཁེ་ལས་ཀྱིས་41%བཟུང་བ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྱུར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
གཞན་ཡང་། ཆབ་མདོ་གྲོང་ཁྱེར་གྱིས་ནུས་རྒྱུ་གཙང་མ་དང་། རིག་གནས་ཡུལ་སྐོར། འགྲིམ་འགྲུལ། ཞིང་འབྲོག གྲོང་གསེབ་དར་རྒྱས་སོགས་མཉམ་འདྲེས་གཏིང་ཟབ་བྱེད་པར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ལེགས་ཆའི་ཐོན་ཁུངས་ཀྱི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། འོད་ཤུགས་རྣམ་གྲངས་ཀྱིས་རིམ་རྩིས་བརྒྱབ་ན་མང་ཚོགས་ལ་ས་ཞིང་གི་བོགས་དངུལ་སྒོར་དུང་ཕྱུར་3ཙམ་སྤྲད་པ་མ་ཟད། ས་གནས་དེ་གའི་སློབ་གྲྭ་ཆེ་མོ་བ་དང་ཞིང་འབྲོག་མང་ཚོགས་ནུས་རྒྱུའི་རྣམ་གྲངས་འཛུགས་སྐྲུན་ནང་བཅུག་ནས་ཐག་ཉེ་སར་ལས་ཞུགས་ཐུབ་པར་བྱས་ཏེ། མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།