གངས་རི་དང་ནགས་ཚལ་དབུས་ནས་འཛམ་གླིང་དང་མཉམ་དུ་སྒྲོག
——ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པའི་མཐོང་ཐོས།
ཟླ་བདུན་པའི་ཉིང་ཁྲིར། སྟོད་གངས་རི་དཀར་པོས་སྤྲིན་གྱི་ལ་ཐོད་བཅིངས། སྨད་ཐང་གཞོང་ཡངས་པོར་ལྗོན་པའི་ཚང་ཚིང་འཁྲིགས། རྒྱལ་ཁབ་དང་། ས་ཁུལ་དང་རྒྱལ་སྤྱིའི་རྩ་འཛུགས་29ནས་ཡོང་བའི་སྐུ་མགྲོན་350ལྷག་ཙམ་ཉིང་ཁྲིར་ཕེབས་པ་དང་ཁོང་ཚོའི་ཁྲོད་ནས་མང་ཆེ་བ་དེ་གར་ཕེབས་ཐེངས་དང་པོ་ཡིན་པ་རེད།
བོད་དུ་བསླེབས་རྗེས་ཀྱི་ལྟད་མོ་དང་པོ།
ཚེས་16ཉིན་ཏེ་གླེང་སྟེགས་མ་འཚོགས་གོང་གི་ཉིན་དེར། སྐུ་མགྲོན་ཚོ་ཉིང་ཁྲིའི་ཀ་ལ་གྲོང་ཚོ་དང་ཤུག་སྡོང་ཆེ་མོ་སོགས་སུ་ཕེབས། ཤུག་སྡོང་ཆེ་མོའི་མཛེས་ལྗོངས་ཁུལ་དུ་མར་ཏི་ཝེའི་ཀྲུང་མར་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་ཚོགས་གཙོ་མུའུ་ཧན་མོ་ཏེ·མོ་རུའེ་ཏེས་ལོ་3000སོང་བའི་སྡོང་རྒན་ཞིག་གི་འོག་མགོ་བོ་དགྱེ་ནས་ཡུན་རིང་བལྟས་མཐར“ལོ་3000 དེ་ནི་མར་ཏི་ཝེའི་ཤེས་དཔལ་གྱི་ལོ་རྒྱུས་ལས་ཀྱང་རྒྱུན་རིང་བ་འདུག”ཅེས་གད་མོ་དགོད་བཞིན་བཤད་པ་དང་དེ་ནས་ལག་བརྡ་སྟོན་བཞིན་མར་ཏི་ཝེའི་ས་བབ་མཐོ་ཤོས་ལ་སྨི་3ལས་མེད། འདི་གར་སྨི་2000ལྷག་ཟིན་ཡང“ང་ལ་མི་འཕྲོད་པའི་ཚོར་སྣང་ཅི་ཡང་མི་འདུག”ཅེས་བརྗོད།
ཁོང་གིས་ས་བབ་ཀྱི་ཧེ་བག་དེ་ཡུལ་སྐོར་མཉམ་ལས་ཀྱི་གོ་སྐབས་ཆེན་པོ་ཞིག་ལ་ངོས་འཛིན་གྱི་ཡོད། “མར་ཏི་ཝེ་དང་ཀྲུང་གོའི་ཁྲེང་ཏུའུ་དབར་ཐད་ཀར་འཕུར་བའི་དུས་གཏན་གནམ་གྲུ་ཡོད་ལ། བོད་ལྗོངས་དང་ཁྲེང་ཏུའུ་ཐག་ཉེ་པོ་ཡོད་པས་ཡུལ་སྐོར་བ་ཚོས་ས་བབ་དམའ་བའི་དགུང་སྔོན་གཡུ་མཚོ་དང་ས་བབ་མཐོ་བའི་གངས་རི་དང་ནགས་ཚལ་ཏེ། རྦད་དེ་མི་འདྲ་བའི་མཛེས་ལྗོངས་རིགས་གཉིས་ཉམས་སུ་མྱོང་བའི་གོ་སྐབས་ཡོད” ཁོང་གིས་ལྟ་བས་མི་ངོམས་པའི་མཛེས་ལྗོངས་རིགས་གཉིས་ལ་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད།
ཚོགས་རའི་ཕྱི་ནང་གི་མཉམ་སྒྲོག
ཚེས་17ཉིན་གྱི་སྔ་དྲོར“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པའི་འགོ་ཚུགས་མཛད་སྒོ་དང་བཞེད་དོན་གཙོ་བོའི་གླེང་སྟེགས་འཚོགས་ཤིང་། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་དུ་གནས། མཉམ་ལས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་སྤྱོད”ཅེས་པ་དེ་ཡིན་ལ། “ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་པར”དམིགས་ཏེ་ཚོགས་ཞུགས་སྐུ་མགྲོན་ཚོས་རིམ་ངོས་མང་པོ་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད། ཉིན་དེའི་ཕྱི་དྲོར། ས་མཐོའི་གནམ་གཤིས་འགྱུར་ལྡོག་དང་སྐྱེ་ཁམས་བདེ་འཇགས་དང་། ས་མཐོའི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས། ས་མཐོའི་ལུས་རྩལ་མཉམ་ལས། ས་མཐོའི་ལྗང་མདོག་བདེ་ཐང་བཅས་ཀྱི་གྲོས་གཞིར་དམིགས་ནས་རིམ་མཚུངས་ཡན་ལག་གླེང་སྟེགས་བཞི་ཡང་དུས་གཅིག་ཏུ་འཚོགས་པ་རེད།
ས་མཐོའི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡན་ལག་གླེང་སྟེགས་སུ་སུའེ་ཀྲུང་བོད་པའི་ཚོང་ཚོགས་ཀྱི་ཚོགས་གཙོ་ཆབ་འབྲེལ་ཚང་ཆོས་བསྟན་མདུན་གྲལ་དུ་བསྡད་དེ་ཟིན་བྲིས་ཐོག་མཐོང་ཐོས་བཀོད་པ་དང་། “བོད་འདི་ཉིད་སྲོལ་རྒྱུན་གྱི་ཡུལ་སྐོར་གནས་མཆོག་ཁོ་ན་ཙམ་མིན་པར། ད་ཆ་མི་མང་པོ་བོད་དུ་ཡོང་བ་ནི་སེམས་ཁམས་ལ་བྱི་དོར་བྱས་ནས་ལུས་སེམས་གཉིས་ཀ་བདེ་ལ་འཁོད་ཆེད་ཡིན། འདི་ནི་འཇིག་རྟེན་གཞན་ཞིག་ཏུ་བསླེབས་པ་དང་མཚུངས་པས་དོན་སྙིང་ཆེན་པོ་ལྡན” “ང་ཚོ་ཚོང་ཚོགས་ཀྱིས་སུའེ་ཙེར་དང་ཀྲུང་གོའི་བོད་ལྗོངས་དབར་གྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་རྣམ་གྲངས་ལ་གྲ་སྒྲིག་བྱེད་བཞིན་ཡོད། མ་འོངས་པར་གླེང་སྟེགས་འདི་འདྲ་ཡོད་ཚེ་ང་ད་དུང་ཞུགས་ངེས་ཡིན”ཞེས་བརྗོད།
ཚོགས་རའི་ཕྱི་རོལ་གྱི་གོམ་སྟབས།
གླེང་སྟེགས་ཀྱི་བར་གསེང་དུ། སྐུ་མགྲོན་ཚོས་རང་རང་སོ་སོའི་ཐབས་ལམ་ལ་བརྟེན་ནས་ཉིང་ཁྲི་གྲོང་ཁྱེར་ལ་འཚོལ་ཞིབ་བྱས་པ་རེད། ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་དུ། ཧྥི་ལི་ཕིན《རྒྱུ་སྐར་ཚགས་པར》ནས་ཡོང་བའི་ཀྲན་ནེར·ལོར་ཀྲ་ནུའོ་དང་ཧིན་རྡུ་ཉི་ཞི་ཡ་ནས་ཡོང་བའི་ནཱ་ཏི་ཡཱ·མེ་ཡིས་མེ་བུམ་དང་། ཡོ་ག མགོ་ལུམས་རྫ་མའི་འཕྲུལ་འཁོར་སོགས་བོད་ལུགས་གསོ་རིག་གི་ཁྱད་ལྡན་རྣམ་གྲངས་ཉམས་ལེན་བྱས་ཤིང་། “འདི་ནི་ཐུན་མོང་མ་ཡིན་པ་ཞིག་རེད། ང་ཚོའི་རྒྱལ་ཁབ་ལའང་འདི་དང་འདྲ་བའི་འཕུར་མཉེད་ཡོད་མོད། ཡིན་ན་ཡང་ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་དུ་སྐྱོད་པའི་བག་ཆགས་ཐོག་མ་ནི་ཁམས་གཙང་རེད། མཁའ་རླུང་ཁྲོད་དུ་སྨན་གྱི་དྲི་མ་ཞིམ་པོ་ཞིག་འཐུལ་བས། མི་སུ་ཡིན་ཡང་སེམས་པ་ལྷོད་དུ་འབབ་ཐུབ”ཅེས་བརྗོད།
ད་དུང་སྐུ་མགྲོན་ཚོའི་ལག་ཁྱེར་ཐོག་ནས་མི་སེམས་འགུལ་བའི་གནས་ཚུལ་ཆུང་ཙག་འགའ་ཡང་མཐོང་ཐུབ། ལས་ཀའི་ལག་ཁྱེར་ནང་དུ་སྐལ་བཟང་མེ་ཏོག་གི་སོན་བཅུག་ཡོད། སོན་དེ་དག་ཆུ་ལ་སྦངས་ན་སྐྱེས་ཐུབ་ཀྱི་ཡོད། འབྲུ་སྣ་ལྔའི་ཨ་རག་མ་རྐང་ཀུང་སིའི་ཁྲེན་ཁོ་ཡུས་ཀྱིས་གཡས་ལྟ་གཡོན་ལྟ་མང་པོ་བྱས་རྗེས“ཁྱིམ་དུ་ཁྱེར་ནས་ཆུར་སྦངས་ཏེ་མེ་ཏོག་བཞད་ཐུབ་མིན་ལྟ་གི་ཡིན”ཞེས་བརྗོད། ཀྲུང་མར་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་ཚོགས་གཙོ་མུའུ་ཧན་མོ་ཏེ·མོ་རུའེ་ཏེས་ཀྱང་དམིགས་བསལ་གྱི་ལག་ཁྱེར་དེར“ལག་ཏུ་འབྱོར་མ་ཐག་ཁོར་ཡུག་སྲུང་སྐྱོང་གི་རྒྱུ་ཆ་ཡིན་ངེས་རེད་བསམས་བྱུང་། དངོས་འབྲེལ་རེད་འདུག”ཅེས་བསྔགས་བརྗོད་ཡང་ཡང་བྱས།
གླེང་སྟེགས་སྐབས་རེ་རེས་ཡུལ་གྲུ་དེའི་འགྱུར་ལྡོག་ལ་དཔང་པོ་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་མི་དེ་བས་མང་པོ་ཞིག“བོད་ལྗོངས་གོ་ཐོས་བྱུང་ཙམ”ནས“བོད་དུ་དངོས་སུ་བསླེབས”ཀྱི་ཡོད། སྐབས་གཅིག་གི་གླེང་སྟེགས་མཇུག་འགྲིལ་ཡང་བོད་ཀྱི་གཏམ་རྒྱུད་མི་མང་པོས་ཐག་རིང་ཡུལ་དུ་ཤོད་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།