གནམ་གཤིས་ཇི་ལྟར་ངན་རུང་རོགས་སྐྱོབ་བྱེད་མཚམས་མི་འཇོག་པ།


པར་འདི་གཉིས་ནི་ཟླ་7ཚེས་18ཉིན་ཕེང་ཧྲུའེ་རྫོང་གི་རི་ཉིལ་བའི་གནོད་འཚེ་ཐོན་ཡུལ་དུ་རོགས་སྐྱོབ་མི་སྣས་ཉེན་ཁར་གྱར་བའི་མང་ཚོགས་འཚོལ་སྐྱོབ་བྱེད་བཞིན་པ།
ཟླ་7ཚེས་17ཉིན་གྱི་ཆུ་ཚོད་15ཙམ་ལ། གསར་འགོད་པ་ཁྲུང་ཆིང་ཕེང་ཧྲུའེ་རྫོང་ཧན་ཅ་ཁྲོམ་གཞུང་རྒྱུད་ཀྱི་རི་ཉིལ་སར་བསྐྱོད་པ་ཡིན། ཟླ་7ཚེས་17ཉིན་གྱི་ཆུ་ཚོད་9པ་ཙམ་ལ། ཁྲུང་ཆིང་ཕེང་ཧྲུའེ་རྫོང་ཧན་ཅ་ཁྲོམ་གཞུང་ཝུའུ་ཅང་ཟམ་ཆེན་གསུམ་པའི་ཉེ་འགྲམ་དུ་གློ་བུར་དུ་རི་ཉིལ་བའི་གནོད་འཚེ་ཐོན་པ་རེད། གནོད་འཚེ་ཐོན་མ་ཐག་ཁྲུང་ཆིང་གྲོང་ཁྱེར་གྱིས་འཕྲལ་སྡོམ་བཀའ་སྐུལ་དང་ལེན་ཞུས་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱིས་འཕྲལ་མར་རོགས་སྐྱོབ་བྱས་པ། ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་ཉིན་མཚན་དབྱེར་མེད་ངང་རྡོག་རྩ་གཅིག་སྒྲིལ་གྱིས་ཉེན་གྱར་མི་སྣ་སྐྱོབ་པ་སོགས་དེ་གར་རོགས་སྐྱོབ་ལས་དོན་ཛ་དྲག་ངང་སྤེལ་བ་རེད།
ཚེས་17ཉིན་གྱི་སྔ་དྲོ་ནས་དྲག་ཆས་ཉེན་རྟོག་པ་ཀྲང་ཀོང་ཤན་གྱིས་རོགས་སྐྱོབ་ལྟེ་བའི་ཁུལ་དུ་བསྐྱོད་དེ་བསྟུད་མར་ཆུ་ཚོད་5ལྷག་ཙམ་ལས་མཚམས་མི་བཞག་པ་དང་གློག་རྫས་བརྗེས་ཀྱང་མི་མི་བརྗེས་པ་དང་། གྱོན་ཆས་ཀྱང་རྔུལ་ཆུས་ཡོངས་སུ་བརླན་རུང་ཁོང་གིས་སྔར་བཞིན་མྱུར་སྐྱོབ་ལས་ལ་ཧུར་ཐག་གཞོལ། “འཐབ་གྲོགས་ཚོ་ལས་ཀ་བྱེད་པར་གནམ་མིག་འདི་དང་འབྲལ་ཐབས་མེད”ཅེས་བཤད།
གློག་མིག་ནང་ལྟ་སྐབས་དྲག་ཆས་ཉེན་རྟོག་ཁྲུང་ཆིང་སྤྱི་ཁྱབ་རུ་ཁག་ལས་སྒྲུབ་ཉིང་ལག་རུ་ཁག་ལྔ་པའི་དཔོན་དམག་ཚོས་ཚོགས་ཆུང་གསུམ་ལ་བགོས་ནས་ཉེན་སེལ་སྒྲིག་ཆས་160ལྷག་ཙམ་སྤྱད་དེ། རི་ལས་ལྷུངས་པའི་བབ་རྡོ་དང་ཁང་པའི་ཞིག་རོ་གཙང་སེལ་བྱས་ནས་རོགས་སྐྱོབ་མི་སྣ་དང་སྒྲིག་ཆས་ལ་བགྲོད་ལམ་གཤོང་བཞིན་པ་སོགས་མཐོང་བྱུང་།
གནོད་འཚེ་ཐོན་ཡུལ་དུ་སྐྱོད་སྐབས“དམག་མི་སླེབས་བྱུང་། ད་སྟབས་ལེགས་སོང”ཞེས་ལམ་ཟུར་གྱི་མང་ཚོགས་ཤིག་གིས་བཤད་པའི་སྐད་ཆ་དེ་ཐོས་འཕྲལ་ཀྲང་ཀོང་ཤན་གྱི་སེམས་ནང་ངས་ངེས་པར་དུ་ཡིད་ཆེས་འདི་ལྟ་བུར་ངོ་གནོང་མི་དགོས་པ་ཞིག་བྱེད་ཀྱི་ཡིན་སྙམ།
དེའི་གཞོགས་སུ་ཁོང་དང་འདྲ་བའི་ལས་གནས་བརྟན་སྲུང་བྱེད་མཁན་མང་པོ་ཡོད་པ་སྟེ། ས་གནས་དེ་གའི་སྤྱི་བདེ་མི་དམངས་ཉེན་རྟོག་པས་གནོད་འཚེ་ཐོན་ཁུལ་དུ་དམ་བསྒྲགས་བྱེད་པ་དང་འགྲིམ་འགྲུལ་གཤོང་བའི་འགན་འཁུར་བཞིན་ཡོད།
ཕེང་ཧྲུའེ་རྫོང་སྤྱི་བདེ་ཅུས་ཀའོ་ཀུའུ་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་ཙེང་ཤིས་ལིན་གྱིས་བྲག་རི་གཡང་གཟར་དུ་མངོན་མེད་རྐྱེན་ངན་གྲལ་བཤེར་ཞིབ་ཚགས་པོ་བྱས་པ་དང་། ཙེང་ཤིས་ལིན་གྱི་བཟའ་ཟླ་ཕེང་ཧྲུའེ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྲོང་ཁུལ་རུ་འབྲིང་གི་རུ་དཔོན་ཁྲེན་ཧུང་གིས་ཉེ་འགྲམ་གྱི་རྒྱལ་ལམ་221ཁུལ་བསྲུངས་ནས་ཉིན་དེར་རླངས་འཁོར་300ལྷག་ཙམ་ལ་ལམ་བཤངས་པ་རེད།
“པཱ་ལགས། ཨ་མ་ལགས། ཡིན་གཅིག་བདེ་འཇགས་ལ་གཟབ་གཟབ་གནང་ཨང”ཞེས་ཁྱིམ་དུ་གཅིག་པུར་བཞག་ཡོད་པའི་ཕྲུ་གུས་ཁ་པར་ནས་ཧ་གཉིད་གོ་པོས་དེ་ལྟར་བཤད་པ་ཐོས་འཕྲལ། ཙེང་ཤིས་ལིན་གྱིས་མགྲིན་པ་བརྣངས་བཞིན་དུ་རློན་པ་ཆགས་པའི་པ་ཀིར་ནང་ཁ་པར་བཅུག་རྗེས་སླར་ཡང་གྲལ་བཤེར་བྱ་ཡུལ་དུ་བསྐྱོད།
ས་རུབ་མཚམས་སུ་འབྲུག་སྐད་ཆེན་པོ་བརྒྱབ་པ་དང་། ཆུ་ཚོད་23ཙམ་ལ་དྲག་ཆར་བབས།
རི་ལྡེབས་ཀྱི་ས་རྡོ་སོབ་སོབ་ཡིན་པའི་ཁར་དྲག་ཆར་བབས་པས་རི་ཉིལ་བའི་ཉེན་ཁ་དེ་བས་ཆེ་རུ་ཕྱིན་ཡོད། རོགས་སྐྱོབ་ལྟེ་བའི་ཁུལ་དུ་སྔར་བཞིན་གློག་འོད་ཁྲ་ཆིལ་ལེར་འབར་ཡོད་པ་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་དཔོན་དམག་སྒྲིག་འཛུགས་བྱས་ཏེ་རོགས་སྐྱོབ་ལས་དོན་མུ་མཐུད་སྤེལ་བ་རེད།
དྲག་ཆས་ཉེན་རྟོག་ཁྲུང་ཆིང་སྤྱི་ཁྱབ་རུ་ཁག་ལས་སྒྲུབ་ཉིང་ལག་རུ་ཁག་ལྔ་པའི་རུ་འབྲིང་ཞིག་གི་ཆབ་སྲིད་མཛུབ་ཁྲིད་པས“ཚང་མས་ས་གནས་ས་ཐོག་གི་བདེ་འཇགས་འགན་ལེན་བྱེད་ཐུབ་པའི་ཤུགས་རྒྱོབ་ཨ”ཞེས་སྐད་གསང་མཐོན་པོས་བཀའ་དེ་ལྟར་བཏང་།
ཚེས་18ཉིན་ནི་རོགས་སྐྱོབ་ཀྱི་ཉིན་གཉིས་པ་རེད།
འཕྲལ་སྡོམ་དངོས་ཟོག་ཆ་ཚང་ཁྲི་1.3དམིགས་སར་འབྱོར་ནས་མང་ཚོགས་ཀྱི་དགོས་མཁོ་རིམ་བཞིན་འགན་ལེན་བྱས་པ་རེད།
ཡུལ་དམག་དཔུང་ཁག་གིས་བསྟུད་མར་ཆུ་ཚོད་30ལྷག་ཙམ་འབད་འཐབ་བྱས་ཤིང་། ཕེང་ཧྲུའེ་རྫོང་ཡུལ་དམག་འཕྲལ་སྡོམ་བརྒྱ་ཤོག་གི་ལྡིང་ཤོག་གཉིས་པའི་ལྡིང་དཔོན་ཝང་ཤིན་པིན་གྱིས་འཁྱག་ཟོམ་ནས་ཆུ་འགྱིག་དམ་གཅིག་བླངས་ཏེ་དབུགས་ཐེངས་གཅིག་ལ་བཏུངས་རྗེས“ལས་སྒྲུབ་མི་སྣ་མང་དྲགས་རྒྱུ་མེད། ཏོག་ཙམ་ནས་ང་ཚོས་ཕྱིན་ཆོག”ཅེས་བཤད།
ཆུ་ཚོད་22ཙམ་ལ་སླར་ཡང་ཆར་པ་བབས་རུང་འཚོལ་སྐྱོབ་ལས་དོན་སྔར་བཞིན་སྤེལ་བཞིན་ཡོད།
རོགས་སྐྱོབ་བྱ་ཡུལ་གྱི་མཐོང་ཐོས་མྱོང་གསུམ་ལས་ཁོང་ཚོའི་སྡུག་རུས་འཁྱོག་པའི་གཤིས་བཟང་མཐོང་བྱུང་། གནམ་གཤིས་ཚ་བ་ཆེ་བ་དང་། དྲག་ཆར་བབས་པ། ངལ་དུབ་ཀྱིས་མནར་བ། ཉེན་ཁ་ཆེ་བ་བཅས་ཡུལ་དངོས་ཀྱི་གནས་ཚུལ་རྙོག་འཛིང་ཇི་ལྟར་ཆེ་རུང་མི་སྣ་འཚོལ་སྐྱོབ་དང་འགྲོ་ལམ་གཤོང་བའི་ཁོང་ཚོའི་སེམས་ཤུགས་ནམ་ཡང་འགོག་ཐབས་མེད།
འབྲེལ་ཡོད་གསར་འགྱུར།