མཚོ་སྔོན་ཚྭ་མཚོ་གཡུ་ཡི་གཞོང་པ་འདྲ། ཐོན་ཁུངས་བཟང་ལ་མཛེས་ལྗོངས་ལྟ་ན་སྡུག
“ཚྭ་མཚོ་ནི་ཤིང་ཏོག་གི་ཁུ་བ་ལྗང་ཁུ་བཞིན་ཧ་ཅང་མཛེས་ཀྱང་། པར་ནས་དེའི་མཛེས་པ་མངོན་ཐུབ་ཀྱི་མི་འདུག”ཅེས་མཚོ་སྔོན་ཚྭ་མཚོའི་མཛེས་ལྗོངས་ཁུལ་དུ་ཧྲན་ཏུང་ཆིང་ཏའོ་ནས་ཡོང་བའི་ཀྲང་ལགས་ཀྱིས་རང་ཉིད་ཀྱི་ལག་ཐོགས་ཁ་པར་ནས་པར་མང་པོ་བརྒྱབ་ཀྱང་ཡག་པོ་མི་ཐེབས་ཚུལ་བཤད།
ཁོང་གི་མིག་མདུན་དུ་རྒྱ་ཆེ་བའི་ཚྭ་མཚོ་འཁྱིལ་ལེར་སྣང་བ་དང་། རྒྱབ་ཏུ་ཚྭ་ཕུང་གསོག་ཐེབས་ནས་ཡོད་པ་མ་ཟད། རྒྱང་རིང་དུ་གནས་པའི་ཚྭ་འདོན་ས་ཚིགས་ཀྱི་མདོང་ལམ་འདྲེན་བྱེད་ཡུལ་དུ་གསལ་ལ་མི་གསལ་ཞིག་སྣང་ཞིང་། འདི་གའི་ཆུ་བོ་ནི་ཅཱ་ལུད་ཐོན་སྐྱེད་འཁོར་འབྲེལ་གནས་སའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་ལ། ཡུལ་སྐོར་བས་བརྙན་པར་ལེན་སའི“ཚོས་སྙོམས་པང་ལེབ”ཞིག་དང་འདྲ་བས། བཟོ་ལས་ཐོན་སྐྱེད་དང་ཡུལ་སྐོར་ལྟ་སྐོར་གཉིས་ཀ་གཅིག་ལ་གཅིག་རྟེན་ངང་གནས་ཡོད།
ཡངས་ཤིང་རྒྱ་ཆེ་བའི་ཚྭ་མཚོའི་ཚྭ་ཆུ་ཉིན་བཅུ་ཕྲག་ཁ་ཤས་རིང་སྤྱི་ལེ་བརྒྱ་ལྷག་ཙམ་སར་རྒྱུག་བཞིན་ཡོད། དང་ཐོག་ཚྭ་ཞིང་དུ་ཉི་སྐམ་བཏང་ནས་ནཱ་རྒྱུའི་ཚྭ་ཆགས་པ་དང་། དེ་ནས་མཚོ་ཁར་གཡེངས་པའི་ཅཱ་རྒྱུ་འདོན་པ། མཐར་དེ་དག་གི་གསིང་ཆུ་ལྷག་འཕྲོས་འཁོར་ཁང་བརྒྱུད་ཐཱན་སྐྱུར་ལི་རྒྱུ་འདོན་གྱི་ཡོད། དེ་ལྟར་ཚྭ་ཆུ་ཡང་ནས་ཡང་དུ་བེད་སྤྱོད་པ་དང་། རིམ་པས་འདོན་པ། མཐར་ཅཱ་རྒྱུ་དང་ལི་རྒྱུ་སོགས་འདོན་གྱི་ཡོད། མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཤོང་སའི་མཐིལ་དུ་གནས་པའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་5856ཟིན་པའི་ཚྭ་མཚོ་ནི་ཀྲུང་གོའི་ཚྭ་མཚོ་ཆེ་ཤོས་ཤིག་རེད།
ཅཱ་རྒྱུ་ནི་ཚྭ་མཚོ་ནས་ཐོག་མར་རྙེད་པའི་ནོར་བུ་ཞིག་རེད། དུས་རབས་གོང་མའི་ལོ་རབས་50པར་ཏུན་ཧོང་ནས་གོར་མོའི་བར་གྱི་གཞུང་ལམ་འདིང་མཁན་བཟོ་པས་དེ་གའི་ཆུ་ཚ་ཁུ་ཡིན་པ་ཧ་གོ་སྟེ་རྫས་འགྱུར་བརྟག་དཔྱད་བྱས་མཐར་དེར་ཅཱ་རྒྱུ་འདུས་ཡོད་པ་ཤེས། 1958ལོར། ལག་རྩལ་པས་ཚྭ་ཆུ་ནས་ཅཱ་ལུད་སྟོང་ཁེ་10འདོན་པའི་ཚོད་ལྟ་ལེགས་གྲུབ་བྱུང་སྟེ། ཚྭ་མཚོའི་ཅཱ་ལུད་བཟོ་གྲྭ་དང་ད་ལྟའི་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི(གཤམ་དུ“ཚྭ་མཚོའི་མ་རྐང་ཀུང་སི”ཞེས་བསྡུ་རྒྱུ)འཛུགས་པར་སྐུལ་མ་ཐེབས་ཏེ། ལོ་དེར་ཅཱ་ལུད་ཏུན་950ཐོན་སྐྱེད་བྱས་ནས་རང་རྒྱལ་གྱི་ཅཱ་ལུད་ཐོན་སྐྱེད་ཀྱི་སྟོང་ཆ་བསྐངས་ཡོད།
ལིའུ་ཆིང་ཆིང་གིས“ཚྭ་མཚོའི་ཐོན་ཁུངས་སྣ་ཚོགས་རིམ་པ་མང་པོར་བེད་སྤྱད་པ་བརྒྱུད། ཐོན་ཁུངས་བེད་སྤྱད་ཚད་མང་ཤོས་དང་ཁོར་ཡུག་ལ་ཤུགས་རྐྱེན་ཤུགས་ཆུང་ཤོས་ཡོང་བར་བྱས་ཡོད”ཅེས་བཤད།
2021ལོར་མཚོ་སྔོན་གྱི་ཐོན་ལས་ཐད“རྟེན་གཞི་བཞི”འཛུགས་སྐྲུན(འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་དང་། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས། ཞིང་འབྲོག་ལས་ཀྱི་ལྗང་མདོག་སྐྱེ་ལྡན་ཐོན་རྫས་ཕྱིར་གཏོང་བྱ་ཡུལ)བྱ་རྒྱུ་ཡིན་ཚུལ་བཏོན་རྗེས། ཚྭ་མཚོ་མ་རྐང་ཀུང་སིས་བཟོ་ལས་ཡུལ་སྐོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། 2023ལོར་ཚྭ་མཚོ་མཛེས་ལྗོངས་ཁུལ་གྱིས་སྣེ་ལེན་ཞུས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་50ལས་བརྒལ་བ་དང་། 2024ལོར་མི་ཐེངས་ཁྲི་100བར་ཟིན་པ། 2025ལོར་མི་ཐེངས་ཁྲི་143ལས་བརྒལ་ཡོད། “ད་ལོ་ཡུལ་སྐོར་བར་སྔོན་དཔག་བྱས་ན་མི་ཐེངས་ཁྲི་180ལ་སྣེ་ལེན་བྱ་རྒྱུ་རེད”ཅེས་མཛེས་ལྗོངས་ཁུལ་གྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝུའུ་ཀོང་ཡཱ་ཡིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་མིག་སྔར་མཛེས་ལྗོངས་ཁུལ་གྱི་སྒོ་དབྱེའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་10ཙམ་ཟིན་པས། གོམ་སྟབས་རྗེས་མར། མཁྲེགས་ཆས་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་བཏང་བའི་རྨང་གཞིའི་ཐོག ལས་རྣམ་གསར་པ་དེ་བས་མང་བ་གསར་སྤེལ་དང་ལྗོངས་རྣམ་གསར་པ་དེ་བས་མང་བ་གཏོད་རྒྱུ་ཡིན་ལ། ཡུལ་སྐོར་བ་དེ་གར་འོང་ནས་ཡུལ་ལྗོངས་ལ་ལྟ་བ་ཙམ་མིན་པར་ད་དུང་ཚྭ་མཚོ་དང་འབྲེལ་བའི་ཤེས་བྱ་དང་རིག་གནས་དེ་བས་མང་བ་ཤེས་རྟོགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།
ད་ཆ་ཡུལ་སྐོར་བ་སྔར་ལས་མང་བ་དེ་གའི་ཡངས་ཤིང་རྒྱ་ཆེ་བའི་ཚྭ་མཚོར་པར་རྒྱག་པར་འོང་བཞིན་ཡོད་ལ། སྔོན་མའི་གཏེར་ཁུལ་ཁོ་ན་ཡིན་པའི་ཚྭ་མཚོས་རྣམ་པ་གཞན་ཞིག་གི་ཐོག་ནས་མི་སྔར་ལས་མང་བས་རྒྱུས་ལོན་འོང་ཐབས་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།