དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • གཞི་ཁྱོན་ཆེ་རུ་དང་སྤུས་འབྲས་ལེགས་སུ་ཕྱིན་པ།

    ​བོད་ཀྱིས་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-21

    གསར་འགོད་པར་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་ཐད་གཞི་ཁྱོན་ཆེ་རུ་ཕྱིན་པ་ནས་དྲ་རྒྱའི་སྐྱོན་ཆ་སེལ་བ་དང་སྤུས་འབྲས་ལེགས་གཉེར་ཡོང་བ་གལ་ཆེ་མཉམ་དུ་འཛིན་པའི་བར་འགྱུར་ལྡོག་བྱུང་བ་དང་། རྨང་གཞིའི་རང་བཞིན་དང་ཐ་སྐྱོང་རང་བཞིན་གྱི་ལས་འགན་ལེགས་སྒྲུབ་བྱེད་པ་ནས་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་བསྐྲུན་པའི་བར་འགྱུར་ལྡོག་བྱུང་བ། སྤྱི་དམངས་ཕྱིར་སྐྱོད་ཐུབ་པ་ནས་ཡག་པོ་སྐྱོད་ཐུབ་པའི་བར་འགྱུར་ལྡོག་བྱུང་ཡོད།

    བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་ལིའུ་ཀྲི་ཆང་གིས། 2025ལོའི་ལོ་མཇུག་བར་བོད་དུ་གཞུང་ལམ་སྤྱི་ལེ་ཁྲི་12.52ཡོད་ཅིང་། དེའི་ནང་རིམ་ལྡན་གཞུང་ལམ་སྤྱི་ལེ་ཁྲི་11ཟིན་པ་དང་། རྒྱལ་ལམ་དཀྱུས་མའི་རིམ་གསུམ་ཡན་གྱི་གཞུང་ལམ་གྱི་བསྡུར་ཚད་95%ཟིན་པ། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་དང་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་བྱེད་ཚད་100%རྒྱུན་འཁྱོངས་ཐུབ་པ། གཞུང་ལམ་གྱི་སྤུས་ཀ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

    ལྷ་གཞིས་དང་ནག་ལྷ་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་ཆབས་ཅིག་བོད་དུ་ལྷ་ས་ལྟེ་བར་བྱས་ཤིང་ནག་ཆུ་དང་། ལྷོ་ཁ། གཞིས་རྩེ། ཉིང་ཁྲི་བཅས་སུ་ཁྱབ་པའི“གྲོང་ཁྱེར་ལྔ་ཆུ་ཚོད་གསུམ་ནང་ཚུན་དུ་སྐོར་ཐུབ་པའི”མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་འཁོར་རྒྱ་ཞིག་ཆགས་ནས་ས་ཁུལ་དང་གྲོང་ཁྱེར་ལྔའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་འཁོར་རྒྱུག་ཐུབ་པར་སྐུལ་འདེད་ནུས་ལྡན་ཐེབས་ཡོད། G109དང་། G318 G219སོགས་བོད་ནས་འགྲོ་འོང་བྱེད་པའི་བགྲོད་ལམ་ཆེན་པོའི་སྤུས་ཚད་ལེགས་གཏོང་སྒྱུར་བཀོད་བྱས་པ་དང་ཆབས་ཅིག་G318བརྒྱུད་བོད་ནས་འགྲོ་འོང་བྱེད་པའི་ལམ་ཐག་སྤྱི་ལེ་120ལྷག་ཙམ་ཐུང་དུ་ཕྱིན་པ་དང་དུས་ཚོད་ཆུ་ཚོད་5ལྷག་ཙམ་གྲོན་ཆུང་ཐུབ་ཡོད། གཞུང་ལམ་གྱི་མ་ལམ་གྱི་སྤུས་ཚད་དང་རིམ་པ་སྤར་བ་དེས་དཔལ་འབྱོར་ཚོང་དོན་དང་། ཡུལ་སྐོར། རིག་གནས་སོགས་ཐད་ཀྱི་བོད་དང་ཞིང་ཆེན་གཞན་དབར་གྱི་སྤེལ་རེས་དང་མཉམ་ལས་སྔར་བས་ཟབ་ཏུ་ཕྱིན་ཡོད།

    ད་ལོ་ནི་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་20འཁོར་བའི་ལོ་ཞིག་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱི་ལྕགས་ལམ་དྲ་བ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། མཚོ་བོད་ལྕགས་ལམ་དང་། ལྷ་གཞིས་ལྕགས་ལམ། ལྷ་ཉིང་ལྕགས་ལམ་བཅས་ལས་གྲུབ་པའི་Yདབྱིབས་ཅན་གྱི་ལྕགས་ལམ་གྱི་མ་ལམ་ལྷ་ས་དང་། ལྷོ་ཁ། ནག་ཆུ། གཞིས་རྩེ། ཉིང་ཁྲི་བཅས་གྲོང་ཁྱེར་ལྔར་ཤར་གཏོང་ཐུབ་ཡོད། བོད་ཀྱི་ལྕགས་ལམ་དྲ་བའི་ཚགས་དམ་ཚད་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་གི་ས་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་གཅིག་རེར་ལྕགས་ལམ་སྤྱི་ལེ་6.5སྤྱི་ལེ་9.8བར་མཐོ་རུ་ཕྱིན་ཡོད།

    ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲུའུ་ཧུང་པིན་གྱིས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྕགས་ལམ་སྡེ་ཚན་གྱིས་ཟོག་འདྲེན་ཞབས་ཞུ་མུ་མཐུད་ལེགས་སུ་བཏང་ནས་ས་མཐོའི་དངོས་ཟོག་ཡག་པོ་རྒྱལ་ཡོངས་སུ་ཁྱབ་རྒྱུར་རམ་འདེགས་བྱས་པ་ཡིན། ལྕགས་ལམ་ནི་བོད་ཀྱི་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི“བར་ཁྱམས་ཡག་ཤོས”སུ་གྱུར་ནས་མཚོ་བོད་ས་མཐོའི་ཡུལ་སྐོར་དཔལ་འབྱོར་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    དམངས་སྤྱོད་མཁའ་འགྲུལ་གྱི་འགྲིམ་འགྲུལ་ཐད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱིས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ལྟེ་བར་བྱས་པའི“མ་ལམ་གཅིག་དང་ཡན་ལག་བདུན”གྱི་སྐྱེལ་འདྲེན་གནམ་ཐང་བཀོད་སྒྲིག་བྱས་པ་དང་། མཁའ་ལམ་ལམ་ཐིག་204བཏོད་པ། རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་84ལ་ཤར་གཏོང་ཐུབ་པ། འགྲུལ་པ་ལྷ་ས་ནས་ཐོན་པའི་ཉིན་དེ་རང་ལ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་གྲས་སུ་འབྱོར་གྱི་ཡོད།

    (《དཔལ་འབྱོར་ཉིན་རེའི་ཚགས་པར》གྱི་2026ལོའི་ཟླ་7ཚེས་12ཉིན་གྱི་པར་ངོས་དང་པོ་ནས་བརྒྱུད་འགོད་བྱས)


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།