དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལ་ལྗང་མདོག་ཆིང་དབྱང་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐུན་མིན་གྱི་ལེགས་ཆ་ལྡན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-21

    གསར་འགོད་པར་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པའི“ས་མཐོའི་གནམ་གཤིས་འགྱུར་ལྡོག་དང་སྐྱེ་ཁམས་བདེ་འཇགས”ཡན་ལག་གླེང་སྟེགས་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས་ཕུན་སུམ་ཚོགས་པའི་ནུས་རྒྱུ་གཙང་མའི་ཐོན་ཁུངས་དང་ས་མཐོའི་ཁྱད་ལྡན་བཀོལ་སྤྱོད་ལྗོངས་རྣམ་ལ་བརྟེན་ཏེ་ལྗང་མདོག་ཆིང་དབྱང་ཐོན་ལས་འཕེལ་རྒྱས་བཏང་ན་མདུན་ལམ་ཡངས་པོ་ཡོད་པ་རེད། ཟླ་7ཚེས་17ཉིན། བོད་རང་སྐྱོང་ལྗོངས་ཆིང་དབྱང་ལས་དོན་ཆེད་སྒྲུབ་ཚོགས་ཆུང་གི་ཝང་ཅི་ཅེ་ཡིས། བོད་ལ་ལྗང་མདོག་ཆིང་དབྱང་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐུན་མིན་གྱི་ལེགས་ཆ་ལྡན་ཡོད་ཅེས་བརྗོད།

    ཝང་ཅི་ཅེ་ཡིས། ཆིང་ནུས་ནི་ནུས་རྒྱུ་གཙང་མའི་གཞི་རྟེན་ནུས་ལྡན་དང་ལས་སྣོན་བསྐྱར་མའི་ནུས་རྒྱུ་གལ་ཆེན་ཞིག་ཡིན། བོད་ཀྱི་མཐོ་གྲང་གསོ་རླུང་མི་འདང་བའི་ས་ཁམས་ཁོར་ཡུག་ལས“གསོ་རླུང་ནི་ཐོན་སྐྱེད་ནུས་ཤུགས་ཡིན་པའི”འདུ་ཤེས་དེ་རིམ་བཞིན་ས་མཐོའི་ངལ་རྩོལ་པའི་ཐུན་མོང་གི་ངོས་འཛིན་དུ་གྱུར་ཡོད།  ཆིང་བཟོ་བའི་བརྒྱུད་རིམ་ཁྲོད་ཐོན་པའི་གསོ་རླུང་དེ་སྨན་བཅོས་དང་དམངས་འཚོའི་ཁྱབ་ཁོངས་སུ་སྤྱད་ན། དཔལ་འབྱོར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཐུབ་པ་དེ་ནི་བོད་ལ་སྐམ་སའི་དབུས་ཁུལ་གྱི་ས་ཆ་གཞན་དག་ལ་མེད་པའི་ལེགས་ཆ་ལྡན་ཡོད་པས་རེད་ཅེས་བརྗོད།

    ཐོན་ཁུངས་ཀྱི་ལེགས་ཆ་དེ་ཉིད་ཐོན་ལས་ཀྱི་ལེགས་ཆར་སྒྱུར་ཆེད། བོད་ཀྱི་ཆིང་དབྱང་ལས་དོན་ཆེད་སྒྲུབ་ཚོགས་ཆུང་གིས“ལས་རིགས་ཀྱི་སྣེ་འདྲེན་གཅིག་དང་། དོན་འཁྱོལ་ཆེད་སྒྲུབ་ཚོགས་ཆུང་གཅིག ཚན་ཞིབ་ལས་སྟེགས་གཅིག དཔེ་སྟོན་རྣམས་གྲངས་ཁག་གཅིག”བཅས་ཀྱི་སྤྱི་ཡོངས་ཀྱི་འཕེལ་རྒྱས་བསམ་ཕྱོགས་གཏན་འཁེལ་བྱས་ཡོད། ལས་རིགས་སྣེ་འདྲེན་ཐད། ཡོན་ཧྲི་དང་རིགས་གཅིག་མཁས་ཅན་ཚོགས་པས་སྣེ་ཁྲིད་པའི་ཀྲུང་གོ་ནུས་རྒྱུ་ཞིབ་འཇུག་ཚོགས་པས་བོད་དུ་རིགས་གཅིག་མཁས་ཅན་ལས་དོན་ས་ཚིགས་བཙུགས་ནས། ཐོན་ལས་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་བྱས་ཡོད། དོན་འཁྱོལ་སྐུལ་འདེད་ཐད། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆིང་དབྱང་ལས་དོན་ཆེད་སྒྲུབ་ཚོགས་ཆུང་བཙུགས་ཏེ། འབྲེལ་ཡོད་སྡེ་ཚན་དང་ས་ཁུལ་དང་གྲོང་ཁྱེར་དབར་འབྲེལ་མཐུད་གང་ལེགས་ཐུབ་པར་བྱས་ནས། སྲིད་ཇུས་ལག་བསྟར་དང་རྣམ་གྲངས་དོན་འཁྱོལ་ལ་འགན་ལེན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།